ཆར་ཆུ་ལུ་ སྒུག་སྟེ་ཡོད་མི་ བཀང་ལུང་རྒེད་འོག་གི་ ཆུ་ཞིང་ཚུ།

བཀང་ལུང་རྒེད་འོག་ནང་ ལྕང་ལཱའི་དོན་ལུ་ ཆར་ཆུ་མེད་ཐབས་མེདཔ།

༉ རྒྱལ་ཁབ་ནང་ འབྱ་གི་དོན་ལུ་ ཆར་ཆུ་དེ་ ཁག་ཆེ་ཤོས་ཅིག་ཨིནམ་ད་ དེ་ཡང་ ཆར་ཆུ་མེད་པ་ཅིན་ ལྕང་ལཱ་རྐྱབ་མ་ཚུགས་པའི་ དཀའ་ངལ་སྦོམ་ཐོན་དོ་ ཡོདཔ་ཨིན་པས།
རྒྱལ་ཁབ་ཀྱི་ས་གནས་ མང་ཤོས་ཅིག་ནང་ ཞིང་ཆུ་གིས་ལང་མ་ཚུགསཔ་ལས་ ཆརཔ་ལུ་བརྟེན་དོ་ཡོདཔ་ད་ ད་རེས་ ཆརཔ་རྐྱབ་མ་བཏུབ་ནི་དེ་གིས་ ལྕང་ལཱ་རྐྱབ་མ་ཚུགས་པའི་ དཀའ་ངལ་ཐོན་ཏེ་འདུག།
བཀྲིས་སྒང་ བཀང་ལུང་རྒེད་འོག་ནང་ ཆརཔ་ལེགས་ཤོམ་སྦེ་ རྐྱབ་མ་བཏུབ་ནི་དེ་གིས་ སོ་ནམ་པ་ཚུ་གིས་ ལྕང་ལཱ་རྐྱབ་མ་ཚུགས་པར་ ཆུ་ཞིང་ཨེ་ཀར་ལས་བཅད་དེ་ སྟོངམ་སྦེ་ བཀོག་བཞག་དགོཔ་ཐོན་ནུག།
བཀང་ལུང་རྒེད་འོག་ སྤང་ཐང་གཡུས་ཚན་གྱི་ཞིང་ཆུ་ ཤིང་རྩི་གྲང་རོང་ཆུ་དེ་གིས་ ཁྱིམ་གུང་པ་༣༠ གི་ ཆུ་ཞིང་ཨེ་ཀར་༡༠༠ ལྷགཔ་ཅིག་ ལྕང་ལཱ་རྐྱབ་ནི་ལུ་ ལང་མ་ཚུགས་ནི་དེ་གིས་ ལྕང་ལཱ་རྐྱབ་འཕྲོ་སྦེ་ བཀོག་བཞག་དགོཔ་ཐོན་ནུག།
མ་གཞི་ ས་གནས་ཀྱི་མི་ཚུ་གིས་ ཆར་ཆུ་ལག་ལེན་འཐབ་སྟེ་ ལྕང་ལཱ་རྐྱབ་དོ་ཡོདཔ་ཨིན་རུང་ དུས་ཅི་ ཆརཔ་རྐྱབ་མ་བཏུབ་མི་ལུ་བརྟེན་ ཆུ་ཞིང་སྟོངམ་སྦེ་ བཀོག་བཞག་ནུག།
དེ་བཟུམ་གྱི་ དཀའ་ངལ་དེ་ ན་ཧིང་ ར་ལྡི་རྒེད་འོག་ནང་ཐོན་ཡོདཔ་ད་ དེ་ཡང་ རྒེད་འོག་གི་ ཆུ་ཞིང་ཨེ་ཀར་སྟོང་ཕྲག་ཕྱེད་དང་༣ དེ་ཅིག་ཡོད་ས་ལས་ ཨེ་ཀར་བརྒྱ་ལས་བཅད་དེ་ སྟོངམ་སྦེ་ བཀོག་བཞག་དགོཔ་ཐོན་ནུག།
ཨིན་རུང་ དུས་ཅི་ ར་ལྡི་ལུ་ ཆརཔ་རྐྱབ་མ་བཏུབ་པའི་ དཀའ་ངལ་མེདཔ་ལས་ ལྕང་ལཱ་ཚུ་ དུས་ཚོད་ཁར་ རྐྱབ་ཚུགས་དོ་ཡོདཔ་ད་ ར་ལྡི་རྒེད་འོག་ ཏོག་ཤིང་མ་གཡུས་ཚན་ལས་ སོ་ནམ་པ་ དོན་གྲུབ་ཀྱིས་ སླབ་མིའི་ནང་ དུས་ཅི་ ལྕང་ལཱ་འགོ་བཙུགསཔ་ཅིག་ ཕྱི་རུ་ཨ་རྟག་ར་ ཆརཔ་རྐྱབ་ནི་དེ་གིས་ ལྕང་ལཱ་རྐྱབ་མ་ཚུགས་པའི་ དཀའ་ངལ་མ་ཐོན་ཟེར་ཨིན་པས།
བཀྲིས་སྒང་ ཨུ་མཛོ་རོང་ འཇོམས་གཙང་ལུ་ཡང་ ཆརཔ་རྐྱབ་མ་བཏུབ་ནི་དེ་གིས་ ལྕངམ་ཚུ་ག་ར་ ཤི་ཡོདཔ་ལས་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ད་ ཁོང་གིས་ སླབ་མིའི་ནང་ དུས་ཅི་ ལྕང་ལཱ་རྐྱབ་མི་ཚུགས་ནི་ཨིནམ་ལས་ རྒྱ་ཆུམ་ལུ་ བརྟེན་དགོཔ་བཟུམ་ཅིག་ འདུག་ཟེར་ཨིན་པས།
ནུབ་ཕྱོགས་རྫོང་ཁག་ཚུ་ནང་འབད་བ་ཅིན་ ཆརཔ་རྐྱབ་མ་བཏུབ་ལས་ ལྕངམ་ཚུ་ སྐམ་འགྱོ་བའི་དཀའ་ངལ་དེ་ དབང་འདུས་ཕོ་བྲང་ ཀ་བཞི་དང་ རུས་སྦིས་ས་རྒེད་འོག་༢ ནང་ ཐོན་དོ་ཡོདཔ་ད་ དེ་ཡང་ རྒེད་འོག་༢ ཀྱི་ སོ་ནམ་པ་ག་ར་གིས་ ལྕང་ལཱ་དེ་ ཆརཔ་ལུ་བརྟེན་ རྐྱབ་ནི་དེ་གིས་ཨིན་པས།
རུས་སྦིས་ས་རྒེད་འོག་ལས་ ཕུརཔ་སྒྲོལམ་གིས་ སླབ་མིའི་ནང་ རྒེད་འོག་དེ་ནང་ ཞིང་ཆུ་རྩ་ལས་མེདཔ་ལས་ ལོ་བསྟར་བཞིན་དུ་ ཆརཔ་ལུ་ རེ་དགོ་ཟེར་ཨིནམ་ད་ གལ་སྲིད་ གཞུང་གིས་ ཞིང་ཆུ་ཅིག་བཏོན་བྱིན་པ་ཅིན་ མི་སེར་ཚུ་ལུ་ ཕན་ཐོགས་སྦོམ་སྦེ་ར་ འབྱུང་ནི་མས་ཟེར་ཨིན་པས།
ད་རེས་ མི་སེར་བརྒྱ་ལས་བཅད་དེ་ ཚ་གྱང་སྦོམ་ལང་དགོཔ་ཐོན་མི་དེ་ རང་ཟླ་༦ པའི་ སྔ་གོང་ལས་ ལྕང་ལཱ་ཚུ་ རྐྱབ་ཚར་དགོཔ་ཨིནམ་ལས་ གལ་སྲིད་ ཟླཝ་དེ་ནང་ ལྕང་ལཱ་རྐྱབ་མ་ཚུགས་པ་ཅིན་ འབྱ་འཚོ་མ་བཏུབ་པའི་ དཀའ་ངལ་ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་སྒང་ལས་ བསྟན་འཛིན་རྣམ་རྒྱལ།

About admin

Check Also

རྫོང་ཁའི་རྩ་གཞུང་ སྤྲོ་བ་ཆེ་ཏོག་ཏོ་བཟོ་ནི།

༉ རྫོང་ཁའི་རྩ་གཞུང་ བསྐྱར་ཞིབ་འབད་དེ་ ལྷབ་མི་ཚུ་གིས་ ལྷབ་དགོ་བདེ་ཏོག་ཏོ་སྦེ་ བཟོ་ནི་ཨིནམ་མ་ཚད་ དུས་དང་བསྟུན་པའི་ རྩ་གཞུང་ཅིག་བཟོ་ནི་ཨིན་པས།རྩ་གཞུང་བཟོ་མི་ སྡེ་ཕྲན་གྱི་འགོ་དཔོན་ རྡོ་རྗེ་དང་འཁྲིལ་བ་ཅིན་ ན་གཞོན་སློབ་ཕྲུག་ཚུ་གིས་ རྫོང་ཁ་ལྷབ་ནི་ལུ་ སྤྲོ་བ་དེ་ཅིག་ར་མི་བསྐྱེད་པས་ཟེར་ཨིནམ་ད་ སྤྲོ་བ་བསྐྱེད་བཅུག་ནིའི་ བརྗོད་དོན་ར་ …

Leave a Reply

Your email address will not be published. Required fields are marked *