བྱ་ཐབས་མེད་པར་ གཞུང་ལམ་གྱི་ཟུར་ཁར་ བཀག་བཞག་དགོཔ་ཐོན་མི་ གླ་འཁོར་ཚུ།

བཀང་ལུང་ཁྲོམ་ཁར་ སྣུམ་འཁོར་བཞག་ས་མེད་པའི་ གདོང་ལེན་བྱུང་དོ་ཡོདཔ།

༉ བཀང་ལུང་ཁྲོམ་ཁར་ གླ་འཁོར་དང་ སྒེར་གྱི་སྣུམ་འཁོར་བཞག་སའི་ ས་ཁོངས་ཅིག་མེདཔ་ལས་ དེད་གཡོགཔ་ཚུ་གིས་ སྣུམ་འཁོར་ཚུ་ གཞུང་ལམ་ཟུར་ཁ་དང་ ས་གོ་ག་སྟེ་ཡོད་ས་ལུ་ བཞག་དོ་ཡོདཔ་ཨིན་པས།

ས་གནས་ནང་ སྣུམ་འཁོར་བཞག་སའི་ ས་ཁོངས་ཅིག་མེདཔ་ལས་ དཀའ་ངལ་བྱུང་སྟེ་ཡོད་ཟེར་ དེད་གཡོགཔ་ཚུ་གིས་ བཤདཔ་ཨིན་པས།

ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་གི་ འཛུལ་སྒོའི་སྦོ་ལོགས་ཁར་ ས་གོ་ཆུང་ཀུ་ཅིག་ཡོད་མི་དེ་ཡང་ སྣུམ་འཁོར་ཚུ་ མ་ཤོང་པའི་སྐབས་ ཁྲིམས་འགལ་ཨིན་རུང་ བྱ་ཐབས་མེད་པར་ གླ་འཁོར་དེད་གཡོགཔ་ཚུ་གིས་ གཞུང་ལམ་ཟུར་ཁར་ བཞགཔ་ཨིན་པས།

གླ་འཁོར་དེད་གཡོགཔ་ མཆོད་རྟེན་ཚེ་རིང་གིས་ སླབ་མིའི་ནང་ ས་གོ་དེ་ནང་ སྒེར་གྱི་སྣུམ་འཁོར་ཚུ་ བཙུགས་བཞག་པའི་བསྒང་ལས་ བྱ་ཐབས་མེད་པར་ གཞུང་ལམ་བདའ་སྟེ་ བཞག་དགོཔ་ཐོནམ་མས་ཟེར་ཨིནམ་ད་ བཀང་ལུང་ཁྲོམ་ཁར་ གླ་འཁོར་དང་ སྣུམ་འཁོར་བཞག་ས་ ཏན་ཏན་ཅིག་མེད་ཟེར་ཨིན་པས།

ས་གནས་ག་ཏེ་ཡང་ གླ་འཁོར་བཞག་སའི་ས་ཁོངས་ ཡོད་དོ་བཟུམ་སྦེ་ བཀང་ལུང་ལུ་འབད་རུང་ གླ་འཁོར་བཞག་སའི་ས་ཁོངས་ཅིག་ དགོཔ་ངེས་བདེན་ཡོད་ཟེར་ གླ་འཁོར་དེད་གཡོགཔ་ སངས་རྒྱས་རྡོ་རྗེ་གིས་ བཤད་པའི་ཁར་ གཞུང་གིས་ སྣུམ་འཁོར་བཞག་ས་དང་ གླ་འཁོར་བཞག་ས་ཅིག་ བཟོ་གནང་པ་ཅིན་ ཕན་ཐོགས་ནི་མས་ཟེར་ཨིན་པས།

གླ་འཁོར་དེད་གཡོགཔ་ཚུ་གིས་འབད་བ་ཅིན་ ཁྲོམ་ཆགས་ཏེ་འབད་རུང་ འཆར་གཞི་ལེགས་ཤོམ་ཅིག་མེདཔ་ལས་ སྣུམ་འཁོར་བཞག་ས་མེད་པའི་དཀའ་ངལ་ ཐོན་བཞིན་དུ་ཡོད་ཟེར་ཨིནམ་ད་ མི་རློབས་ཡར་སེང་སོང་མི་དང་བསྟུན་ སྣུམ་འཁོར་གྱི་གྱངས་ཁ་འབད་རུང་ ཡར་སེང་སོང་སྟེ་ ཡོད་ཟེར་ཨིན་པས།

སྣུམ་འཁོར་ཡར་སེང་སོང་བའི་བསྒང་ལས་ སྣུམ་འཁོར་བཞག་ས་མེད་པའི་ དཀའ་ངལ་འབད་རུང་ ཡར་སེང་སོང་སྟེ་ཡོད་ཟེར་ ཨིནམ་ད་ འབྲེལ་ཡོད་འགོ་དཔོན་ཚུ་གིས་འབད་རུང་ སྣུམ་འཁོར་བཞག་ས་ཅིག་ བཟོ་དགོཔ་ཡོད་ཟེར་ གླ་འཁོར་དེད་གཡོགཔ་ཅིག་གིས་ བཤདཔ་ཨིན་པས།

གླ་འཁོར་དེད་གཡོགཔ་ སངས་རྒྱས་དཔལ་འབྱོར་དང་འཁྲིལ་བ་ཅིན་ གླ་འཁོར་བཞག་སའི་ས་ཁོངས་དང་ སྒེར་གྱི་སྣུམ་འཁོར་བཞག་སའི་ས་ཁོངས་ ངོས་འཛིན་འབད་དེ་མེདཔ་ལས་ ངོས་འཛིན་འབད་དགོཔ་འདུག་ཟེར་ཨིན་པས།

སྣུམ་འཁོར་ཚུ་ གཞུང་ལམ་བདའ་སྟེ་བཞག་པའི་སྐབས་ སྣུམ་འཁོར་བརྡུང་ནི་དང་ ཀྲེག་གཏང་ནིའི་ཉེན་ཁ་ཡོདཔ་མ་ཚད་ ས་གོ་ཆུང་བའི་སྟབས་ཀྱི་ ཐུག་རྐྱེན་འབྱུང་ནིའི་ ཉེན་ཁ་ཡང་འདུག་ཟེར་ཨིནམ་ད་ གནད་དོན་དེ་ལུ་བརྟེན་ སྣུམ་འཁོར་བཞག་ས་མེད་པའི་ དཀའ་ངལ་ངལ་སེལ་ཐབས་འབད་ནི་ལུ་ གླ་འཁོར་བཞག་ས་ཅིག་ དགོཔ་ཡོད་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ བཀང་ལུང་ཁྲོམ་དེ་ ཆུང་ཀུ་ཅིག་འབད་རུང་ སྣུམ་འཁོར་ལེ་ཤ་ཡོདཔ་ལས་ སྣུམ་འཁོར་ཚུ་ འཁོར་ལམ་བདའ་སྟེ་བཞགཔ་ལས་ འཕྲལ་འཕྲལ་ར་ ཐོགས་ལུས་ནི་ཡོད་ཟེར་ཨིན་པས།

སྣུམ་འཁོར་ཚུ་ གཞུང་ལམ་དང་ རྐང་ལམ་གུ་བཞག་མི་དེ་གིས་ རྐང་སྟོང་སྦེ་འགྱོ་མི་ སློབ་ཕྲུག་དང་ ས་གནས་ཀྱི་མི་ཚུ་ལུ་ དྲང་བདེན་མིན་འདུག་ཟེར་ཨིནམ་ད་ སྣུམ་འཁོར་གྱིས་ རྐང་ལམ་བསུབས་བཞག་པའི་བསྒང་ལས་ རྐང་སྟོང་འགྱོ་མི་ཚུ་ སྣུམ་འཁོར་ཚུ་གིས་ བརྡུང་ནིའི་ཉེན་ཁ་འདུག་ཟེར་ གླ་འཁོར་དེད་གཡོགཔ་ཅིག་གིས་ བཤདཔ་ཨིན་པས།

བཀང་ལུང་ཁྲོམ་དེ་ ས་གནས་ཀྱི་མི་དང་ མཐོ་རིམ་སློབ་གྲྭ་ བཤད་གྲྭ་ སློབ་སྦྱོང་སྤེལ་ཁང་ དེ་ལས་ ཡིག་ཚང་ཚུ་ནང་ལཱ་འབད་མི་ཚུ་གིས་ ཚོང་འབྲེལ་འཐབ་སའི་ ས་ཁོངས་ངོ་མ་ཅིག་ཨིན་པས།

ཞི་གཡོགཔ་ཅིག་གིས་ ས་གནས་ནང་ སྣུམ་འཁོར་བཞག་ས་ཅིག་ མེད་པའི་དཀའ་ངལ་ཡོདཔ་ལས་ གཞུང་གིས་འབད་རུང་ ཐབས་ཤེས་བཏོན་དགོཔ་འདུག་ཟེར་ཨིནམ་ད་ ས་ཁོངས་དེ་ རྒྱ་ཆུང་མི་དང་ ག་ར་སྒེར་གྱི་ས་ཁོངས་ཨིནམ་ལས་ སྣུམ་འཁོར་བཞག་ས་བཟོ་ནི་ཡང་ ལཱ་ཁག་འོང་ནི་མས་ཟེར་ཨིན་པས།

ས་གནས་སྡོད་མི་ པདྨ་གིས་ སླབ་མིའི་ནང་ ས་གནས་ག་ཏེ་ཡང་ འཁོར་ལམ་གྱི་མཐུད་སྦྲེལ་འབད་ཚར་ཡོདཔ་ལས་ སྣུམ་འཁོར་གྱི་གྱངས་ཁ་ཡང་ ཡར་སེང་སོང་སྟེ་ཡོད་ཟེར་ཨིནམ་ད་ སྣུམ་འཁོར་ས་ཁོངས་རྐྱངམ་གཅིག་མེན་པར་ སྣུམ་འཁོར་ཤུགས་ཚད་ཕབ་མི་ཡང་ དགོཔ་ཡོད་ཟེར་ཨིན་པས།

མོ་གིས་ སླབ་མིའི་ནང་ སྣུམ་འཁོར་ཤུགས་ཚད་ཕབ་མི་ཅིག་ དགོ་པའི་སྐོར་ལས་ ཞུ་བ་འབད་ཡོད་རུང་ བཟོ་བྱིན་ནི་མིན་འདུག་ཟེར་ཨིན་པས།

འཕྲལ་འཕྲལ་ ཉོ་ཚོང་རེ་རྐྱབ་པར་འོངམ་ད་ སྣུམ་འཁོར་བཞག་ས་མེདཔ་ལས་ ཁྲིམས་འགལ་ཐོག་ལས་ སྣུམ་འཁོར་བཞག་དགོཔ་ཐོནམ་མས་ཟེར་ཨིནམ་ད་ སྣུམ་འཁོར་ལྟ་རྟོག་འགོ་དཔོན་ཚུ་གིས་ ཧ་མ་གོ་བ་ཅིན་ ཉེས་ཁྲིམས་ཕོག་ནི་མས་ཟེར་ ལས་འཛིན་ཅིག་ནང་ལཱ་འབད་མི་ཅིག་གིས་ བཤདཔ་ཨིན་པས།

ཚོང་པ་ཅིག་གིས་ སླབ་མིའི་ནང་ སྣུམ་འཁོར་ཚུ་གིས་ ཁོ་རའི་ ཚོང་ཁང་གི་གདོང་ཁར་བཞག་པའི་སྐབས་ སྣུམ་འཁོར་ཚུ་ སྤུབས་བཞག་པའི་བསྒང་ལས་ ཚོང་ཉོ་མི་ཡང་ བཀག་རྐྱབ་དོ་བཟུམ་སྦེ་ མཐོངམ་མས་ཟེར་ཨིན་པས།

ཁྲོམ་ཁར་སྡོད་མི་ཅིག་གིས་ སླབ་མིའི་ནང་ བཀང་ལུང་ཁྲོམ་དེ་ ཡན་ལག་ཁྲོམ་ཅིག་མེནམ་ལས་ ཁྲོམ་ལུ་དགོ་པའི་མཐུན་རྐྱེན་ཚུ་ ག་ནི་ཡང་ མི་ཐོབ་པས་ཟེར་ཨིནམ་ད་ མཐོ་རིམ་སློབ་གྲྭ་ནང་ ཁག་ཆེ་བའི་མགྱོནམ་རེ་འོང་པ་ཅིན་ སྣུམ་འཁོར་ཚུ་ ས་གནས་གཞན་ཁར་ བཞག་དགོ་ཟེར་ཨིན་པས།

བཀང་ལུང་རྒཔོ་ ཀུན་བཟང་རྡོ་རྗེ་གིས་འབད་རུང་ བཀང་ལུང་ལུ་ སྣུམ་འཁོར་བཞག་ས་མེད་པའི་ དཀའ་ངལ་ཡོད་ཟེར་ཨིནམ་ད་ ས་སྣུམ་འཁོར་བཞག་ས་བཟོ་ནིའི་ འཆར་གཞི་བརྩམ་ནི་དེ་ དུས་ཚོད་ཕྱི་སོཔ་མ་གཏོགས་ མི་ཧ་ཟེར་ཨིན་པས།

བཀང་ལུང་ཁྲོམ་ཁར་ སྣུམ་འཁོར་བཞག་ས་མེད་པའི་དཀའ་ངལ་དེ་ ལོ་༥ དེ་ཅིག་གི་ཤུལ་ལས་ ཚབས་ཆེན་སྦེ་ར་ འབྱུང་སྲིད་ནི་མས་ཟེར་ རྒཔོ་ཀུན་བཟང་རྡོ་རྗེ་གིས་ བཤད་པའི་ཁར་ རྒེད་འོག་བདག་སྐྱོང་གིས་ སྣུམ་འཁོར་བཞག་ས་བཟོ་ནིའི་ འཆར་གཞི་མེད་ཟེར་ཨིན་པས།

བཀང་ལུང་ཁྲོམ་ཁར་ སྣུམ་འཁོར་བཞག་ས་ བཟོ་ནིའི་དོན་ལུ་ ས་དགོཔ་ལས་ གཞུང་ས་ག་ར་ ཁྲོམ་གྱི་ཕྱི་ཁར་ཨིནམ་ལས་ སྣུམ་འཁོར་༤༠ དེ་ཅིག་ ཤོང་ཚུགས་པའི་ སྣུམ་འཁོར་བཞག་ས་དགོ་པས་ཟེར་ཨིན་པས།

བཀང་ལུང་ལུ་ གླ་འཁོར་༡༥ དེ་ཅིག་དང་ སྒེར་གྱི་སྣུམ་འཁོར་༣༠༠ ལྷགཔ་ཅིག་ཡོད་ཟེར་ ས་གནས་ཀྱི་མི་ཚུ་གིས་ བཤདཔ་ཨིན་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། བཀང་ལུང་།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *