བཀག་དམ་ཅན་གྱི་ ཏམ་ཁུ་དང་ སྨྱོ་རྫས་ཚུ་ ལྟ་རྟོག་དམ་དམ་འབད་ནི།

༉ བཀྲིས་གཡང་རྩེ་རྫོང་ཁག་ཚོགས་འདུ་གིས་ ཁྲིམས་སྲུང་འགག་པ་དང་ ས་གནས་གཞུང་གི་ འགོ་དཔོན་ཚུ་གིས་ བཀག་དམ་ཅན་གྱི་ ཏམ་ཁུ་དང་ སྨྱོ་རྫས་ཚུ་ ནག་ཚོང་འཐབ་ཡོད་མེད་ ལྟ་རྟོག་དམ་དམ་འབད་དགོ་པའི་ གྲོས་ཆོད་བཏོན་ཡི།

གཡང་རྩེ་རྒེད་འོག་གི་དམངས་མི་ བསོད་ནམས་རིན་ཆེན་གྱིས་ ཏམ་ཁུའི་བཅའ་ཁྲིམས་སྒྲིང་སྒྲི་ཡོད་རུང་ གཞུང་གིས་ བསྟར་སྤྱོད་ལེགས་ཤོམ་མ་འབདཝ་བཟུམ་ཅིག་ མཐོངམ་མས་ཟེར་ ཞུ་བའི་ཁར་ བཙོང་མི་གིས་བཙོང་ འཐུང་མི་གིས་ འཐུང་སྟེ་ར་སྡོད་དོ་བཟུམ་མའི་ མཐོང་སྣང་བྱུང་མས་ཟེར་ཞུ་ཡི།

ཁོ་གིས་འབད་བ་ཅིན་ གོང་ཚད་གི་ཐད་ལས་འབད་རུང་ ཁྱད་པར་སྦོམ་འདུག་ཟེར་ཨིནམ་ད་ དཔེར་ན་ བཟའ་སྤྱོད་འབད་མི་ ཏམ་ཁུ་བཱ་བཱ་ཤོག་སྒམ་ཆུང་ཀུ་རེ་ལུ་ དངུལ་ཀྲམ་༢༠༠ རེ་དང་ ཏམ་ཁུ་ལུ་ དངུལ་ཀྲམ་༦༠༠ དང་༨༠༠ བར་ན་ བཙོངམ་མས་ཟེར་ཨིན་པས།

འཐུས་མི་ཅིག་གིས་ ཏམ་ཁུ་ནག་ཚོང་འཐབ་དོ་ཡོདཔ་ལས་ ཁྲིམས་སྲུང་འགག་སྡེའི་ ཁ་ཐུག་ལས་ ལྟ་རྟོག་དམ་དམ་འབད་དགོཔ་འདུག་ཟེར་ཞུ་ཡི།

ཁྲིམས་སྲུང་འགོ་དཔོན་གྱིས་ ཏམ་ཁུ་ག་དེ་སྦེ་ ནག་ཚོང་འཐབ་ཡོདཔ་ཨིན་ན་ ལོ་རྒྱུས་གོ་ཡོདཔ་མ་གཏོགས་ སྙན་ཞུ་འབད་མི་མེད་རུང་  འགག་སྡེའི་ཧོངས་ལས་ དམ་དམ་སྦེ་ ཞིབ་དཔྱད་འབད་དོ་ཟེར་ བཤད་ཅི།

འགྲོ་འགྲུལ་བཀག་དམ་སྐབས་ གཞུང་གིས་ ཏམ་ཁུའི་རིགས་ ཏམ་ཁུ་འཐུང་མི་ཚུ་གིས་ ཁྲིམས་འགལ་ཐོག་ལས་ ས་མཚམས་ཕྱི་ཁར་སོང་སྟེ་ ནད་ཡམས་ཀོ་བིཌ་-༡༩ ནང་འདྲེན་འབད་ནི་མས་ཟེར་མནོ་སྟེ་ བཀྲམ་སྤེལ་འབད་ནུག་ཟེར་ཨིན་པས།

བཀྲིས་གཡང་རྩེ་རྫོང་ཁག་ནང་ ནག་ཚོང་འཐབ་མི་ཚུ་ འཛིན་བཟུང་འབད་དེ་ར་ཡོད་ཟེར་ ཁྲིམས་སྲུང་འགོ་དཔོན་གྱིས་ བཤད་པའི་ཁར་ ཏམ་ཁུ་ཐོན་སའི་ ས་ཁོངས་ལས་ར་ བཀག་དམ་འབད་བ་ཅིན་མ་གཏོགས་ ས་གནས་ནང་ ལྷོད་པའི་བསྒང་ལས་ རེ་གཉིས་མ་གཏོགས་ འཛིན་བཟུང་འབད་མི་ཚུགས་པས་ཟེར་བཤད་ཅི།

འཐུས་མི་ལ་ལོ་ཅིག་གིས་ གཞུང་གི་ཁ་ཐུག་ལས་ གནང་བ་སྤྲོད་ཐོག་ལས་ ཏམ་ཁུ་ཚུ་ བཙོང་བཅུག་པ་ཅིན་ ལོངས་སྤྱོད་མི་ཚུ་ལུ་ ཕན་ཐོགས་ནི་དང་ ནག་བཙོང་འཐབ་མི་ཡང་ མར་འབབ་འགྱོ་ནི་མས་ཟེར་ ཞུ་བ་འབད་ཡི། 

རྫོང་ཁག་ཚོགས་འདུའི་ཁྲི་འཛིན་ ཆོས་སྲུང་དབང་འདུས་ཀྱིས་འབད་བ་ཅིན་ ཏམ་ཁུའི་གོང་ཚད་ ཚད་ལས་བརྒལ་སླབ་མི་ལུ་བརྟེན་ མི་སེར་ཉམ་ཆུང་ཚུ་ལུ་ དཀའ་ངལ་བྱུང་སྟེ་འདུག་ཟེར་ཨིནམ་ད་ ཚོང་འབྲེལ་འཐབ་མི་ཚུ་གིས་ ཁྲལ་བཏབ་ཐོག་ལས་ བཙོང་ཆོགཔ་བཟོ་ནིའི་དོན་ལུ་ ཏམ་ཁུའི་བཅའ་ཁྲིམས་བསྒྱུར་བཅོས་འབད་དགོཔ་འདུག་ཟེར་ཨིན་པས།

འཐུས་མི་ལ་ལོ་གིས་ གོང་ཚད་རན་ཏོག་ཏོ་སྦེ་ ཏམ་ཁུ་བཙོང་ཆོག་པའི་ གྲོས་གཞི་ཅིག་ རྒྱལ་ཡོངས་ཚོགས་འདུ་ནང་ ཕུལ་བ་ཅིན་ཟེར་ གྲོས་འཆར་ཕུལ་ཡོད་རུང་ རྫོང་ཁག་ནང་འཁོད་ལུ་ར་ འབྲེལ་ཡོད་འགོ་དཔོན་ཚུ་གིས་ ཚད་འཛིན་འབད་ཐབས་ལུ་ ལྟ་རྟོག་འབད་ནི་སྦེ་ གྲོས་ཐག་བཅད་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ།  བཀྲིས་གཡང་རྩེ།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *