དཔག་བསམ་ཁའི་འཁོར་ལམ་གྱི་གནས་སྟངས།

བ་ལུ་ཇོ་ར་ཟམ་ བརྡིབས་མི་དེ་གིས་ རྒྱུན་འགྲུལ་འཐབ་མི་ཚུ་ལུ་ གནོད་སྐྱོན་རྐྱབ་ཡོདཔ།

༉ ཉིན་གྲངས་༤ དེ་ཅིག་གི་ཧེ་མར་ ཕུན་ཚོགས་གླིང་དཔག་བསམ་ཁའི་ བ་ལུ་ཇོ་ར་ཟམ་ བརྡིབས་མི་དེ་གིས་ ཕར་ཚུར་འགྲོ་འགྲུལ་འབད་མི་ཚུ་ལུ་ གནོད་སྐྱོན་རྐྱབ་ཡོདཔ་ཨིན་པས།

ད་ལྟོ་ སྣུམ་འཁོར་ཚུ་ འགྲོ་འགྲུལ་འབད་ནི་ལས་ བཀག་ཆ་འབད་མི་ལུ་བརྟེན་ གླ་འཁོར་ཚུ་ཡང་ འགྱོ་མ་ཆོགཔ་ལས་ མི་སེར་ཚུ་ སྒལ་ཏོག་ཁར་ རྒྱགས་སྐལ་འབག་སྟེ་ འགྱོཝ་ཨིན་པས།

བ་ལུ་ཇོ་ར་ཟམ་གྱི་ གཡས་གཡོན་ལུ་ སྣུམ་འཁོར་ཆུང་བ་༣༠ དེ་ཅིག་ ཐོགས་ལུས་ཡོད་རུང་ བཟོ་གྲྭ་འཕྲུལ་ཁང་གི་ སྣུམ་འཁོར་སྦོམ་ཚུ་ ཟམ་གྱི་འོག་ལས་ ཆུ་ནང་ལས་ འགྲོ་འགྲུལ་འབདཝ་ཨིན་པས།

བཟོ་གྲྭ་འཕྲུལ་ཁང་ཅིག་ནང་ ཚོང་ཁང་བཙུགས་སྡོད་མི་ བསོད་ནམས་སྟོབས་རྒྱས་ཀྱིས་ བཤད་མི་དང་འཁྲིལཝ་ད་ གཉེར་ཚང་ཚུ་ འབག་འོང་ནིའི་དོན་ལུ་ ཏི་རུ་ཐེབས་སྤྲོད་དགོཔ་ལས་ ད་རེས་ ཟམ་མེདཔ་ཐལ་མི་དེ་གིས་ ལཱ་ཐེབས་དང་ ཏི་རུ་ཐེབས་ དེ་ལས་ དུས་ཚོད་ཡང་ ཐེབས་འགྱོཝ་མས་ཟེར་ཨིན་པས།

བསོད་ནམས་སྟོབས་རྒྱས་ཀྱིས་འབད་བ་ཅིན་ ཟམ་གྱི་དཀའ་ངལ་རྐྱངམ་གཅིག་མེན་པར་ དཔག་བསམ་ཁ་ བཟོ་གྲྭ་འཕྲུལ་ཁང་གི་ སྣུམ་འཁོར་ལམ་གྱི་གནས་སྟངས་ སྐྱོ་དྲགས་སྦེ་ཡོདཔ་ལས་ བཟོ་གྲྭ་འཕྲུལ་ཁང་ནང་ ལཱ་འབད་མི་ ལས་བྱེདཔ་ཚུ་གི་ གཉེར་ཚང་ཚུ་ཡང་ ཁོ་གི་ཚོང་ཁང་ནང་ལས་ ཉོ་མི་ལུ་བརྟེན་སྡོད་དོ་ཡོདཔ་ལས་ ཐབས་ཤེས་བཏོན་དགོཔ་ཅིག་ འདུག་ཟེར་ཨིན་པས།

ཚོང་པ་གཞན་ ནོར་བུ་དབང་ཕྱུག་གིས་འབད་བ་ཅིན་ བ་ལུ་ཇོ་རའི་ཟམ་དང་ དཔག་བསམ་ཁའི་ སྣུམ་འཁོར་ལམ་གྱི་གནས་སྟངས་དེ་ དཀའ་ངལ་གསརཔ་ཅིག་ མེན་ཟེར་ཨིན་པས།

མི་སེར་ཚུ་ གནམ་བྱཱར་ཨ་རྟག་ར་ དཀའ་སྡུག་མྱོང་རུང་ གནས་སྐབས་ཀྱི་ ཐབས་ཤེས་ཅིག་མ་གཏོགས་ བཏོན་སར་མི་མཐོངམ་མས་ཟེར་ཨིན་པས།

ནོར་བུ་དབང་ཕྱུག་གིས་འབད་བ་ཅིན་ འབྲེལ་ཡོད་ལས་སྡེ་ཚུ་གིས་ དཀའ་ངལ་འཐོནམ་ད་ ཚར་གཅིག་ གནས་སྐབས་ཀྱི་ཐབས་ཤེས་བཏོནམ་མས་ཟེར་ཨིནམ་ད་ ག་དེམ་ཅིག་སྦེ་ གནམ་གཤིས་གནས་སྟངས་ཚུ་ ལེགས་ཤོམ་སྡོད་པའི་ དུས་སྐབས་ནང་ ཐབས་ཤེས་ལེགས་ཤོམ་བཏོན་ཚུགས་པ་ཅིན་ ཤུལ་མའི་ ཆར་ཆུ་འབབ་པའི་དུས་ཚོད་ནང་ དེ་བཟུམ་གྱི་ དཀའ་ངལ་མི་འཐོན་ནི་མས་ཟེར་ཨིན་པས།

ད་ལྟོ་ ཆུམ་སྐྱེལ་འདྲེན་འབད་བའི་སྐབས་ ལས་བྱེདཔ་ཚུ་ལུ་ ཆུམ་ཀེ་ཇི་༢༥ འབད་མི་ ཕད་ཙི་རེ་ལུ་ གླ་ཆ་དངུལ་ཀྲམ་༡༠ རེ་ སྤྲོད་དགོ་ཟེར་ཨིན་པས།

གླ་འཁོར་དེད་གཡོགཔ་ བིམ་བྷ་དུར་ཏ་མང་གིས་ བཤད་མིའི་ནང་ ཁོ་ར་ ཕུན་ཚོགས་གླིང་ལུ་ འགྱོ་མ་ཚུགས་ནི་དེ་གིས་ འོང་འབབ་ལུ་ ཐོ་ཕོག་དོ་ཟེར་ཨིན་པས།

ཨིན་རུང་ ཟམ་བརྡིབས་སའི་ ས་ཁོངས་ནང་ ལྕགས་ཟམ་སྤྲིང་སྟེ་ཡོདཔ་ལས་ མི་ཚུ་འགྱོ་ནི་ལུ་ དཀའ་ངལ་མི་བྱུང་དོ་ཡོདཔ་ཨིན་པས།

བ་ལུ་ཇོ་ར་ཟམ་དེ་ སྤྱི་ལོ་༡༩༨༦ ལུ་ བཟོ་སྐྲུན་འབད་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༡༤ ཚུན་ བཟོ་གྲྭ་འཕྲུལ་ཁང་གི་ སྣུམ་འཁོར་སྦོམ་ཚུ་ རྒྱུན་འགྲུལ་འཐབ་བཅུག་རུང་ ཤུལ་ལས་ ཟམ་གྱི་གནས་སྟངས་ སྐྱོ་དྲགས་འགྱོ་བའི་ཤུལ་ལུ་ སྣུམ་འཁོར་ཆུང་བ་མ་གཏོགས་ སྦོམ་ཚུ་ འགྱོ་མ་ཆོགཔ་སྦེ་བཟོ་ནུག།

ཟམ་གསརཔ་བཟོ་སྐྲུན་འབད་ནིའི་ལཱ་ཚུ་ སྤྱི་ལོ་༢༠༡༥ ལུ་ འགོ་བཙུགས་རུང་ དམིགས་གཏད་བསྐྱེད་མི་ ལཱ་ཚུ་ ཁག་འབགཔ་གིས་ དུས་ཚོད་ཁར་ མཇུག་བསྡུ་མ་ཚུགས་པའི་ཤུལ་ལུ་ བཟོ་སྐྲུན་གོང་འཕེལ་ལས་འཛིན་གྱིས་ ལཱ་འཕྲོ་མཐུད་འབད་ནི་སྦེ་ རྩིས་ལེན་ཡོདཔ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཡེ་ཤེས་སྒྲོལ་མ།

About admin

Check Also

བདེ་ཆེན་གླིང་ལུ་ གླངམོ་ཆེ་དང་འབྲེལ་བའི་དཀའ་ངལ།

༉ པདྨ་དགའ་ཚལ་ བདེ་ཆེན་གླིང་མཁོ་ལོམ་རི་དང་ དགོན་པ་འུང་སྤྱི་འོག་༢ ནང་ གླངམོ་ཆེ་དང་འབྲེལ་བའི་ གནོད་ཉེན་དེ་ ཆེ་སུ་ཅིག་སྦེ་ཐོན་ཡོདཔ་ལས་ ས་གནས་ཀྱི་མི་སེར་ཚུ་ ཚ་གྱང་ལང་སྟེ་ ཡོདཔ་ཨིན་པས། མ་གཞི་ ནགས་ཚལ་འགོ་དཔོན་དང་ གཡུས་ཁའི་མི་ཚུ་གིས་ གླངམོ་ཆེ་ཚུ་ …

Leave a Reply

Your email address will not be published. Required fields are marked *