སྐྱེས་ལོ་༦༦ ལང་མི་ བསོད་ནམས་དབང་ཕྱུག་གིས་ ཁོ་གི་ཁྱིམ་ནང་བྱུང་མི་ བྱུང་རྐྱེན་གྱི་སྐོར་ལས་ ལོ་རྒྱུས་བཤད་པའི་བསྒང་།

བ་ལམ་རྒེད་འོག་ནང་མི་ཚུ་ ནུབ་མོར་ཁྱིམ་གྱི་ཕྱི་ཁར་ འགྱོ་ནི་ལས་བཀག་དམ།

༉ ད་རེས་ནངས་པར་ ཨོལ་ལྐོག་བཏོག་འབག་མི་ མི་ངན་ཚུ་ ཐོན་ཡོད་པའི་ འཐོར་གཏམ་བཤད་མི་ལུ་བརྟེན་ མོང་སྒར་བ་ལམ་རྒེད་འོག་གི་ མི་སེར་ཚུ་ འདྲོག་བྱེལ་འཐབ་སྟེ་ མདའ་དང་གཞུ་ གྱི་ཅུང་ཚུ་ གྲ་སྒྲིག་བཞག་ཐོག་ལས་ རང་སོའི་ཁྱིམ་ནང་སྡོད་སར་ མཐོང་གསལ་བྱུངམ་ཨིན་པས།
དེ་ཡང་ ཕོ་སྐྱེས་༣ སྣུམ་འཁོར་བོ་ལེ་རོ་ཅིག་ནང་ འགྲོ་འགྲུལ་འབད་མི་དེ་ ཤར་ཕྱོགས་པའི་ ཁ་སྐད་ནང་ ཡོངས་གྲགས་ལུ་ ཁེག་པ་ཟེར་སླབ་མི་ ཨོལ་ལྐོག་བཏོག་འབག་མི་ཨིན་པའི་ འཐོར་གཏམ་དར་ཁྱབ་སོང་པའི་ཤུལ་ལས་ བ་ལམ་རྒེད་འོག་དང་ ཉེ་འདབས་ཀྱི་ གཡུས་ཚན་ཚུ་ནང་ ནུབ་མོའི་ཆུ་ཚོད་༩ ལས་ ཁྱིམ་གྱི་ཕྱི་ཁར་ འགྱོ་མ་ཆོག་པའི་ བཀག་དམ་འབད་ཡོདཔ་ཨིན་པས།
ཁེག་པའི་འཐོར་གཏམ་དེ་ བ་ལམ་ལས་ དར་ཁྱབ་སོང་མི་དེ་ཡང་ སྤྱི་ཟླ་༤ པའི་ཚེས་༡༡ གི་ ཕྱི་རུ་ཆུ་ཚོད་༥ དེ་ཅིག་ཁར་ ནོར་ཉོ་བར་ཨིན་ཟེར་ ཕོ་སྐྱེས་༣ རྒེད་འོག་དེ་གི་ ཁེབས་ཤིང་སྤྱི་འོག་ནང་ལྷོདཔ་ད་ རྒེད་འོག་བདག་སྐྱོང་འགོ་དཔོན་དང་ ཚོགས་པ་ དེ་ལས་ ས་གནས་ཀྱི་ མི་ཚུ་གིས་ ཁེག་པ་ཨིན་པའི་ དོགས་པ་ཆགས་ཏེ་ ཁོང་༣ བཟུང་ཞིནམ་ལས་ ཞིབ་དཔྱད་ཀྱི་དོན་ལུ་ མོང་སྒར་གྱི་ ཁྲིམས་སྲུང་འགག་སྡེ་ལུ་ སྙན་ཞུ་འབད་ཡི་ཟེར་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ དོགས་ཅན་༣ ལུ་ ལུ་ དྲི་ཞིབ་འབད་བའི་ཤུལ་ལས་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་རན་མི་ལུ་བརྟེན་ གཡུས་ཚན་དེ་ནང་ལས་ དེ་འཕྲོ་ལས་ ཐོན་འགྱོ་དགོཔ་སྦེ་སླབ་ནུག།
ཁེབས་ཤིང་ཚོགས་པ་ བསོད་ནམས་དབང་འདུས་ཀྱིས་ སླབ་མིའི་ནང་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ མར་ཚ་ལ་ལས་ཨིན་ཟེར་ ཕོ་སྐྱེས་༣ ཕྱི་རུའི་ཆུ་ཚོད་༤ དེ་ཅིག་ཁར་ གཡུས་ཚན་དེ་ནང་ བཤལ་འཁྱམས་སྦེ་ སྡོད་ནུག་ཟེར་ཨིནམ་ད་ མ་གཞི་ ཁོང་གིས་ ནོར་བཙོང་ནི་ཡོད་མེད་ ས་གནས་ཀྱི་ མི་ཚུ་ལུ་ དྲིས་ཡོད་རུང་ ནོར་ཕུད་རྡོག་གཅིག་ཡང་ མ་ཉོ་བས་ཟེར་ཨིན་པས།
ནོར་ཉོ་བར་འོང་ཡོདཔ་སྦེ་སླབ་མི་ སངས་རྒྱས་རྡོ་རྗེ་གིས་ སླབ་མིའི་ནང་ ཁོང་ཆ་རོགས་༣ ཁེབས་ཤིང་གཡུས་ཚན་ནང་ ནོར་བཙོང་ནི་ཡོད་མེད་ སྒོ་བཤལ་ཏེ་ མི་སེར་ཚུ་ལུ་ དྲི་བའི་སྐབས་ ཨོལ་ལྐོག་བཏོག་མི་ཨིན་པས་ཟེར་སླབ་སྟེ་ ཚོགས་པ་དང་ མི་སེར་ཚུ་གིས་ ཁོང་བཟུང་ཡི་ཟེར་ཨིན་པས།
ཁྲིམས་སྲུང་འགག་སྡེའི་ འགོ་དཔོན་གྱིས་ བཙག་འཐུའི་དུས་ཚོད་ལུ་ ཕར་ཚུར་འགྲོ་འགྲུལ་འབད་ནི་ལས་ འཛེམ་དགོཔ་སྦེ་ སླབ་པའི་ཤུལ་ལས་ ཁོང་ཆ་ཁྱབ་ ལོག་གཡུས་ཁར་སོང་སྡོད་ཅི་ཟེར་ ཨ་ལོ་༤ གི་ཨ་པ་ སྐྱེས་ལོ་༣༠ ལང་མི་ སངས་རྒྱས་རྡོ་རྗེ་གིས་ སླབ་ཨིན་པས།
སངས་རྒྱས་རྡོ་རྗེ་གིས་འབད་བ་ཅིན་ ཁོང་༣ ཁེབས་ཤིང་སྤྱི་འོག་ནང་ མ་འགྱོ་བའི་ཧེ་མར་ ཐང་རོང་དང་ སྔ་ཚང་རྒེད་འོག་༢ ནང་སོང་སྟེ་ ནོར་༡༦ ཉོ་ཞིནམ་ལས་ བསམ་གྲུབ་ཆོས་གླིང་༼བང་ཊར༽ ལུ་ སྒོ་ནོར་གསོ་སྐྱོང་ཁང་ནང་ བཙོང་ཡོདཔ་ལས་ འོང་འབབ་ཡང་ མི་རེ་གིས་ འབུམ་༣ རེ་བགོ་བཤའ་རྐྱབ་ཅི་ཟེར་ཨིན་པས།
བ་ལམ་གྱི་ མི་ཚུ་གིས་ སླབ་མིའི་ནང་ ཁོང་༣ ཁེབས་ཤིང་ལས་ དགྲ་མེད་རྩེ་རྒེད་འོག་ནང་ སོང་བའི་ཤུལ་ལས་ ནུབ་མོར་རྒེད་འོག་གི་ ཁྱིམ་ཚུ་དཀྲོགས་ཏེ་ ཞག་ཉལ་མ་བཅུག་པའི་སྐོར་དང་ ཤེར་མུ་ཧཱུཾ་དང་ ཆ་གླིང་རྒེད་འོག་ནང་ ལོ་རྒྱུས་བཤད་མི་དེ་ ལྷུན་རྩེ་རྫོང་ཁག་ནང་ ཁྱབ་སྤེལ་སོང་ནུག།
གང་ལ་སྤོ་ཏོག་ལས་ སྐྱེས་ལོ་༦༦ ལང་མི་ བསོད་ནམས་དབང་ཕྱུག་གིས་ སླབ་མིའི་ནང་ སྤྱི་ཟླ་༤ པའི་ཟླ་མཇུག་ཁམས་ཅིག་ཁར་ ཕྱི་རུའི་ཆུ་ཚོད་༨.༣༠ དེ་ཅིག་ཁར་ ཁོང་བཟའ་ཚང་༢ ཉལ་སྡོད་པའི་སྐབས་ སྒོ་བརྡུངས་ཡོདཔ་ལས་ ཁོ་གིས་ སྒོ་ཕྱེ་བའི་སྐབས་ མི་དེ་ བྱོག་ཡར་སོ་ཡི་ཟེར་ཨིན་པས།
ཕྱི་ཁ་ལས་འོང་མི་ ཨ་ལོ་ཚུ་ ཨིནམ་འདྲས་མནོ་སྟེ་ སྒོ་ཕྱེ་བྱིནམ་ད་ མི་དེ་ ནང་ན་འོང་ནི་མེན་པར་ བྱོག་སོང་ཡི་ཟེར་ ཁོ་གིས་ བཤད་པའི་ཁར་ ཁོ་ར་ ལོག་ཉལཝ་ད་ ད་རུང་ སྒོ་ཅུང་གུ་ འཛེགས་ཞིནམ་ལས་ འཕྲུལ་མེ་བཏེགས་ཏེ་ ཞག་ཉལ་མ་བཅུག་པར་ དཀྲོགས་ཡོདཔ་ལས་ སྤྱགས་སྡུག་འཐབ་དགོཔ་ བྱུང་ཡི་ཟེར་ཨིན་པས།
བསོད་ནམས་དབང་ཕྱུག་གིས་འབད་བ་ཅིན་ དོགས་པ་ཅན་དེ་ སྒོ་ཅུང་གུ་ལས་ འཛེགས་འོངམ་ད་ ཁོ་གིས་ གྱི་རྫམ་རྐྱབ་ད་ ཕོག་མ་ཚུགས་རུང་ མི་དེ་ བྱོག་སོང་པའི་ཤུལ་ལུ་ ལོག་མ་འོང་ཟེར་ཨིན་པས།
ནོར་རྫིཔ་ཆོས་སྐྱིད་རྡོ་རྗེ་གིས་ སླབ་མིའི་ནང་ ཁོ་ར་ ཚལ་མ་ནང་ ནོར་འཚོ་སྟེ་ སྡོད་པའི་སྐབས་ ཁོ་སྡོད་ས་ལས་ མི་ཊར་༥༠ ལྷགཔ་ཅིག་ལས་ ཁ་ཡར་ལྟག་ དོརམ་དང་ ཁེན་འཇར་གྱོན་མི་ ཕོ་སྐྱེས་༣ གྱིས་ རྒྱ་གར་དང་ ལྷོ་མཚམས་ཀྱི་ ཁ་སྐད་རྐྱབ་སྟེ་ ཁོ་སྡོད་སར་ འོང་ཡོདཔ་ལས་ ཁོ་ར་འདྲོག་བྱེལ་འཐབ་སྟེ་ གཡུས་ཚན་ཁ་ཐུག་ལུ་ བྱོག་འགྱོཝ་ད་ ཁོ་གི་ རྟིང་བདའ་སྟེ་ གཡུས་ཚན་གྱི་ ས་མཚམས་ཚུན་ འོང་ཡི་ཟེར་ཨིན་པས།
ད་རུང་ བྱ་དུང་སྤྱི་འོག་ནང་ ཨ་རྒས་༡ དྲོ་པར་ནམ་ལངམ་ཅིག་ ཤིང་འཐུ་བར་ གཡུས་ཚན་ལས་ དུས་ཡུན་ཆུ་ཚོད་༡ གི་ས་ཁར་ སོང་ཡོདཔ་ལས་ ཤིང་འཐུ་སྟེ་ ཐགཔ་བསྡམས་སྡོད་པའི་སྐབས་ རྫོང་ཁ་རྐྱབ་མི་ ཕོ་སྐྱེས་༣ གྱིས་ ཁོ་བཟུང་ནིའི་ ལོ་རྒྱུས་སླབ་སར་གོཝ་ད་ ཨ་རྒས་དེ་ ཐབ་ཤིང་འཐུ་ལོང་མེད་པར་ བྱོག་འོང་པའི་སྐབས་ ཁོང་གིས་ རྟིང་བདའ་འོང་སར་ གཡུས་མི་གཞན་ཚུ་གིས་ཡང་ མཐོང་ནུག་ཟེར་ བྱ་དུང་ཚོགས་པ་ པདྨ་རིན་ཆེན་གྱིས་ སླབ་ཨིན་པས།
བའི་ནང་ཟོར་ལས་ རྡོ་རྗེ་དབང་འདུས་ཀྱིས་ སླབ་མིའི་ནང་ ཨོལ་ལྐོག་བཏོག་མི་ཚུ་གི་སྐོར་ འཐོར་གཏམ་དར་ཁྱབ་སོང་ཞིནམ་ལས་ཚུར་ གཡུས་མི་ཚུ་ ཕར་ཚུར་དང་ ལཱ་སར་འགྱོཝ་ད་ སྡེ་ཚན་སྦེ་མ་གཏོགས་ མི་ཕུད་རྡོག་གཅིག་སྦེ་ འགྱོ་ནི་མེད་ཟེར་ཨིན་པས།
སོ་ནམ་པ་ སྐྱེས་ལོ་༥༦ ལང་མི་ བ་ལེགས་ཀྱིས་ སླབ་མིའི་ནང་ ཁྱིམ་ནང་སྡོད་མི་ རྒན་རྒས་༢ ལས་བརྒལ་མེདཔ་ལས་ ཚལ་མའི་ནང་ ནོར་བལྟ་མ་ཚུགསཔ་མ་ཚད་ ནུབ་མོར་ ཆབ་གསང་བསྡུསཔ་ཚུ་ གྱིབ་ཤོག་ནང་ བཏང་ཞིནམ་ལས་ དྲོ་པ་ཕྱི་ཁར་འབག་སྟེ་ འབོ་དགོཔ་ཐོན་ཡོད་ཟེར་ཨིན་པས།
བ་ལམ་གྱི་དམངས་མི་ བདེ་ཆེན་དབང་འདུས་ཀྱིས་ སླབ་མིའི་ནང་ མ་གཞི་ མི་སེར་ཚུ་གིས་ འཐོར་གཏམ་འདྲ་མིན་སྣ་ཚོགས་ བཤད་པའི་སྐོར་ མིག་མཐོང་ལག་བཟུང་འབད་མི་མེདཔ་ལས་ རྫོང་ཁག་བདག་སྐྱོང་དང་ ཁྲིམས་སྲུང་འགག་སྡེ་ལུ་ སྙན་ཞུ་མ་འབད་ཟེར་ཨིན་པས།
རྒཔོ་ལུང་བསྟན་རྡོ་རྗེ་གིས་ སླབ་མིའི་ནང་ ཨོལ་ལྐོག་བཏོག་མི་དེ་ བདེན་རྫུན་ཕྱེ་མ་ཚུགས་རུང་ གལ་སྲིད་ ངེས་བདེན་ཨིན་པ་ཅིན་ མི་སེར་ཚུ་ ཉེན་སྲུང་དང་ལྡནམ་སྦེ་ སྡོད་ནིའི་དོན་ལུ་ ནུབ་མོའི་ཆུ་ཚོད་༩ ལས་ ཕར་ཚུར་འགྲོ་འགྲུལ་འབད་ནི་ལས་ འཛེམ་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ཨིན་པས།
རྫོང་ཁག་བདག་སྐྱོང་འགོ་དཔོན་ཚུ་གིས་འབད་བ་ཅིན་ མི་སྡེའི་ནང་ དཀའ་ངལ་ཡོད་པའི་སྐོར་ སྙན་ཞུ་ལྷོད་པའི་ཤུལ་ལས་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་ལུ་ མི་གསརཔ་ལྷོད་པ་ཅིན་ དྲི་དཔྱད་འབད་ཞིནམ་ལས་ རྫོང་ཁག་ལུ་ སྙན་ཞུ་འབད་དགོཔ་སྦེ་ སླབ་སྟེ་ཡོད་པའི་ཁར་ ཁྲིམས་སྲུང་འགག་སྡེའི་ ཧོངས་ལས་ཡང་ འཐོར་གཏམ་ཚུ་ལུ་ བདེན་འཛིན་རེ་ནི་མེད་པའི་སྐོར་ གོ་བརྡ་ཚུ་ སྤྲོད་པའི་བསྒང་ཡོད་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

About admin

Check Also

རྒྱལ་འགྲན་ཚུ་ མི་སྡེའི་དཀའ་ངལ་ ཚབས་ཆེན་ཅིག་ལུ་ འགྱུར་དོ་ཡོདཔ།

༉ འབྲུག་གི་ཉེས་འགེལ་ཁྲིམས་དེབ་དང་འཁྲིལ་བ་ཅིན་ རྒྱན་བཞག་གམ་ རྒྱལ་འགྲན་གྱི་ རྩེད་རིགས་ཚུ་ ཁྲིམས་འགལ་ཨིན་རུང་ ཤོ་ཏ་སི་རྐྱབ་མི་དང་ ཡོངས་འབྲེལ་ཐོག་ལས་ རྒྱན་བཞག་རྩེད་འགྲན་འབད་མིའི་ གྱངས་ཁ་ཡར་སེང་སོང་མི་དེ་ ཚ་གྱང་ལང་དགོཔ་ཅིག་འདུག་ཟེར་ཨིན་པས། ད་རེས་ རྒྱལ་ཁབ་ནང་ རྒྱན་རྩེདཔ་དར་ཁྱབ་སོང་མི་དེ་ཡང་ ཉེས་ཁྲིམས་ཡངས་དྲགས་དེ་གིས་ …

Leave a Reply

Your email address will not be published. Required fields are marked *