བ་འཇོ་ཁྲོམ་ཁའི་ སྤྱང་ཁྱི་ཚུ།

བ་འཇོ་ལུ་ སྤྱང་ཁྱིའི་དཀའ་ངལ་ ཚབས་ཆེན་སྦེ་ར་ ཐོན་དོ་ཡོདཔ།

༉ དབང་འདུས་ཕོ་བྲང་ བ་འཇོ་ལུ་སྡོད་མི་ བཅོ་ལྔ་རྡོ་རྗེ་དེ་ སྤྱི་ཟླ་༣ པའི་ཚེས་༡ ལུ་ ཁོ་རའི་ཁྱིམ་ནང་ལས་ ཡིག་ཚང་ནང་ རྐང་སྟོང་འབད་འགྱོ་བའི་སྐབས་ སྤྱང་ཁྱི་ཅིག་གིས་ སོ་བཏབ་ཡོདཔ་ཨིན་པས།

ཁོ་གིས་ དུས་ཡུན་ཟླཝ་༡ གི་རིང་ འཆོལ་ནད་སྨན་ཁབ་བཙུགས་ཏེ་ སྤྱི་ཟླ་༣ པའི་ཚེས་༣༠ ལུ་ མཇུག་བསྡུ་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ སྤྱི་ཟླ་༣ པའི་ཚེས་༢༧ ལུ་ རྒྱལ་ཡོངས་ནང་ ནད་ཡམས་ཀོ་བིཌ་-༡༩ འི་ སྨན་ཁབ་བཙུགས་ནི་ འགོ་བཙུགས་ཡོདཔ་ཨིན་རུང་ བཅོ་ལྔ་རྡོ་རྗེ་གིས་ སྨན་ཁབ་དེ་ མ་ཐོབ་ཨིན་པས།

ཁོ་གིས་ སླབ་མིའི་ནང་ བ་འཇོ་ཁྲོམ་ཁར་ སྤྱང་ཁྱིའི་གྱངས་ཁ་ ལེ་ཤ་ཡོད་མི་དེ་གིས་ དམིགས་བསལ་དུ་ ཨ་ལོ་ཚུ་གི་དོན་ལས་ ཉེན་ཁ་ཅན་ཅིག་ ཨིན་མས་ཟེར་ཨིན་པས།

སྤྱང་ཁྱི་ཚུ་གིས་ གཟུགས་སྟོབས་ཤུགས་མེད་མི་དང་ གཟུགས་ཀྱི་ཡན་ལག་ལུ་ སྐྱོན་ཞུགས་མི་ དེ་ལས་ ཁྲོམ་གྱི་ཕྱི་ལས་འོང་མི་ཚུ་ལུ་ མང་སུ་སྦེ་ གནོདཔ་བཀལཝ་མས་ཟེར་ཨིན་པས།

དུས་ཅི་ སྤྱི་ཟླ་༣ པ་ཚུན་ བ་འཇོ་སྨན་ཁང་གིས་ མི་གྲངས་༥༠ ལུ་ འཆོལ་ནད་སྨན་ཁབ་ བཙུགས་ཡོདཔ་ད་ ཐོ་བཀོད་དང་འཁྲིལཝ་ད་ སྤྱི་ལོ་༢༠༢༠ ལུ་ མི་གྲངས་༢༡༠ དང་ སྤྱི་ལོ་༢༠༡༩ ལུ་ མི་གྲངས་༣༥༠ ལུ་ འཆོལ་ནད་བཀག་ནིའི་ སྨན་ཁབ་ཚུ་ བཙུགས་ཡོདཔ་ཨིན་པས།

སྨན་ཁང་གི་ སྨན་གཡོགམོ་ཅིག་གིས་ སླབ་མིའི་ནང་ བྱི་ལི་དང་ བྱི་ཙི་གིས་ སོ་བཏབ་མི་དང་ དེ་ལས་ དོམ་གྱིས་རྨུར་མི་ གནད་དོན་དག་པ་ཅིག་ཡང་ ཐོན་ཡི་ཟེར་ཨིན་པས།

མོ་གིས་ སླབ་མིའི་ནང་ རྫོང་ཁག་ནང་ རོ་ཁྱི་གིས་ སོ་བཏབ་པའི་གནད་དོན་ཚུ་ཡང་ མང་ཤོས་ཅིག་ བ་འཇོ་དང་ ལོ་སྦིས་ས་ལས་ འོངམ་མས་ཟེར་ཨིན་པས།

བཅོ་ལྔ་རྡོ་རྗེ་གིས་ ཁོ་རའི་ཁྱིམ་ནང་ལས་ ཡིག་ཚང་ནང་ འགྱོ་བའི་སྐབས་ བ་འཇོ་ཁྲོམ་ཁར་ རོ་ཁྱིའི་གྱངས་ཁ་རྐྱབ་ཡོདཔ་ད་ དེ་གི་སྐབས་ལུ་ རོ་ཁྱི་སྦོམ་༡༣༠ དང་ ཕྱུག་གུ་༢ ཡོདཔ་སྦེ་ མཐོང་ཡོདཔ་ཨིན་པས།

དབང་འདུས་ཕོ་བྲང་ལུ་ རོ་ཁྱིའི་གྱངས་ཁ་ ཚད་འཛིན་འབད་ནིའི་དོན་ལུ་ སྒོ་ནོར་ལས་ཁུངས་ཀྱིས་ རོ་ཁྱི་གཤག་བཅོས་འབད་ནི་དང་ འཆོལ་ནད་བཀག་ནིའི་ སྨན་ཁབ་བཙུགས་ཡོདཔ་ཨིན་པས།

དབང་འདུས་རྫོང་ཁག་ སྒོ་ནོར་འགོ་དཔོན་ ཨོ་རྒྱན་གྱིས་ སླབ་མིའི་ནང་ རྫོང་ཁག་ནང་ རོ་ཁྱི་གཤག་བཅོས་ཀྱི་ལས་རིམ་དེ་ ལན་ཐེངས་༢ རེ་དང་ འཆོལ་ནད་བཀག་ནིའི་ སྨན་ཁབ་བཙུགས་ནི་དེ་ ཚར་རེ་འགོ་འདྲེན་ འཐབ་དོ་ཟེར་ཨིན་པས།

ལས་རིམ་དེ་ཚུ་ རྒེད་འོག་ཚུ་ནང་ཡང་ འགོ་འདྲེན་འཐབ་དོ་ཟེར་ ཨོ་རྒྱན་གྱིས་ སླབ་ཨིན་པས།

ཁོ་གིས་འབད་བ་ཅིན་ སྒོ་ནོར་ལས་བྱེདཔ་ཚུ་གིས་ ཐབས་ཤེས་ཚུ་ ག་དེ་སྦེ་ར་བཏོན་རུང་ མི་སེར་གྱི་ཧོངས་ལས་ རྒྱབ་སྐྱོར་ཆུང་སུ་ཅིག་ལས་བརྒལ་ མིན་འདུག་ཟེར་ཨིན་པས།

སྒོ་ནོར་ཡིག་ཚང་ནང་ ལས་བྱེདཔ་དག་པ་ཅིག་ལས་བརྒལ་མེདཔ་ལས་ ས་གནས་ཀྱི་མི་ཚུ་གིས་ རང་སོའི་ས་ཁོངས་ནང་ཡོད་མི་ རོ་ཁྱི་ཚུ་ བཟུང་ནི་ལུ་ ཆ་རོགས་འབད་བ་ཅིན་ ཕན་ཐོགས་སྦོམ་སྦེ་ར་ འབྱུང་ནི་མས་ཟེར་ཨིན་པས།

ག་དེམ་ཅིག་སྦེ་ ས་ཁོངས་ནང་ རོ་ཁྱི་མོ་༤ དེ་ཅིག་ གཤག་བཅོས་མ་འབད་བར་ ལུས་སོ་རུང་ ཁོང་གིས་ ཕྱུག་གུ་༦ ལས་༩ དེ་ཅིག་ འཚའ་འོང་ཟེར་ཨིན་པས།

ཨོ་རྒྱན་གྱིས་ བཤད་མིའི་ནང་ དབང་འདུས་ལུ་ སྤྱང་ཁྱིའི་དཀའ་ངལ་ཡོད་མི་དང་འཁྲིལ་ ཕྱགས་སྙིགས་འཛིན་སྐྱོང་དང་ སྤྱང་ཁྱིའི་གྱངས་ཁ་ཚད་འཛིན་ལས་རིམ་གྱི་ འགོ་དཔོན་ཚུ་ ས་ཁོངས་ནང་ འོང་དགོཔ་སྦེ་ སླབ་ཡོདཔ་ཨིན་རུང་ ད་ལྟོ་ སྡེ་ཚན་དེ་ བུམ་ཐང་ལུ་ ལཱ་འབད་བའི་བསྒང་འདུག་ཟེར་ ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *