བ་འཇོ་ཁྲོམ་ལས་ ཀི་ལོ་མི་ཊར་༤ དེ་ཅིག་ལུ་ བཟོ་སྐྲུན་འབད་མི་ ཇ་ཚོ་ཁ་སྨན་ཁང་གསརཔ།

བ་འཇོ་ཁྲོམ་ཁར་ ཁྲོམ་སྡེའི་འགྲུལ་སྐྱེལ་བཱསི་ ངེས་པར་དུ་དགོཔ་སྦེ་ ཐོན་ཡོདཔ།

༉ དབང་འདུས་བ་འཇོ་ཁྲོམ་དང་ རྫོང་ཁག་གི་ སྨན་ཁང་གསརཔ་གཉིས་ཀྱི་བར་ན་ ལམ་ཐག་རིང་མི་དང་ སྐྱེལ་འདྲེན་གྱི་གླ་ཆ་ ལེ་ཤ་ལེན་མི་ལུ་བརྟེན་ ཁྲོམ་ཁར་སྡོད་མི་ཚུ་གི་དོན་ལུ་ འགྲུལ་སྐྱེལ་བཱསི་ཅིག་ ངེས་པར་དུ་དགོཔ་སྦེ་ ཐོན་ཡོདཔ་ཨིན་པས།
སྐྱེས་ལོ་༤༥ ལང་མི་ ཕངས་ཡུལ་ལས་ཨིན་མི་ ཨྱོན་དབང་མོ་གིས་ སླབ་མིའི་ནང་ སྨན་ཁང་གསརཔ་ལས་ མཐུན་རྐྱེན་ལེགས་ཤོམ་ཐོབ་རུང་ སྣུམ་འཁོར་གྱི་འཐུས་ ལེ་ཤ་ལེནམ་མས་ཟེར་ཨིནམ་ད་ གཡུས་ཁ་ལས་ སྨན་ཁང་ནང་འོངམ་ད་ གླ་འཁོར་གྱི་ གླ་ཆ་དངུལ་ཀྲམ་༢༠༠ རེ་སྤྲོད་དེ་ འོང་དགོཔ་ཐོནམ་མས་ཟེར་ཨིན་པས།
སྨན་ཁང་གསརཔ་དེ་ བ་འཇོ་ཁྲོམ་ལས་ ཀི་ལོ་མི་ཊར་༤ དེ་ཅིག་གི་ས་ཁར་ ས་གནས་ཇ་ཚོ་ཁ་ལུ་ རྐྱབ་སྟེ་ཡོདཔ་ཨིན་པས།
ཚོང་པ་སངས་རྒྱས་འཕྲིན་ལས་ཀྱིས་ སླབ་མིའི་ནང་ བ་འཇོ་ལུ་ སྡོད་མི་ཚུ་གི་དོན་ལས་ སྨན་ཁང་དེ་ ལམ་ཐག་རིངམོ་མས་ཟེར་ཨིནམ་ད་ ནདཔ་བདག་འཛིན་འབད་མི་ཚུ་ ལྟོ་ལེན་པར་ བ་འཇོ་ཁྲོམ་ཁར་འགྱོཝ་དགོཔ་ལས་ སྟབས་མི་བདེ་བས་ཟེར་ཨིན་པས།
ལ་ལོ་ཅིག་གིས་ བ་འཇོ་ཁྲོམ་ཁར་སྡོད་མི་ཚུ་གི་དོན་ལུ་ སྨན་ཁང་གི་ མཐུན་རྐྱེན་ལ་ལོ་ཅིག་ རྫོང་ཁག་སྨན་ཁང་སྙིངམ་ནང་བཞག་པ་ཅིན་ དྲག་ནི་མས་ཟེར་བའི་ གྲོས་བསྟུན་འབད་མི་ཡང་ཡོདཔ་ད་ ཐད་ཚོ་རྒཔོ་ རྣམ་རྒྱལ་དབང་ཕྱུག་གིས་འབད་བ་ཅིན་ ཁྲོམ་སྡེའི་སྐྱེལ་འདྲེན་སྣུམ་འཁོར་ འགོ་བཙུགས་པ་ཅིན་ ཕན་ཁྱད་ཆེ་ནི་མས་ཟེར་ ཨིན་པས།
ཉལ་ཁྲི་༤༠ འབད་མི་ སྨན་ཁང་གསརཔ་དེ་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་དབང་འཛིན་གྱིས་ མ་དངུལ་རྒྱབ་སྐྱོར་འབད་ཐོག་ལས་ བཟོ་སྐྲུན་འབད་མི་ དེ་ཡང་ འདས་པའི་ཟླཝ་ནང་ འགོ་འབྱེད་འབད་ཡོདཔ་ཨིན་པས།
གསོ་བའི་མཐུན་རྐྱེན་དེ་ རྫོང་ཁག་དེའི་ རྒེད་འོག་༡༥ གི་ མི་སེར་རྐྱངམ་གཅིག་གིས་མ་དོ་བར་ མགར་ས་དང་ སྤུ་ན་ཁ་ རྩི་རང་ དེ་ལས་ དར་དཀར་ནང་རྫོང་ཁག་གི་ མི་སེར་ཚུ་ལུ་ཡང་ ཞབས་ཏོག་ཚུ་ བྱིན་དོ་ཡོདཔ་ཨིན་པས།
སྨན་ཁང་དེ་ གློ་བུར་གྱི་ སྨན་བཅོས་ཞབས་ཏོག་བྱིན་སའི་ ལྟེ་བ་ཅིག་སྦེ་ ངོས་འཛིན་འབད་ཡོདཔ་ད་ ད་རེས་ ཉིནམ་གཅིག་ལུ་ ནདཔ་༣༠༠ དེ་ཅིག་གིས་ སྨན་བཅོས་ཞབས་ཏོག་ལེན་པར་ འོང་དོ་ཡོད་པའི་གནས་ཚུལ།

སྐད་སྒྱུར་ གནས་བརྟན་རྡོ་རྗེ།

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *