ལྕམ་མཁར་ཁྲོམ།

ཕྲང་ལམ་ལུ་བརྟེན་ ལྕམ་མཁར་ཁྲོམ་ཁའི་ ཚོང་པ་ཚུ་གི་ཚོང་འབྲེལ་ལུ་ ཐོ་ཕོག་ཡོདཔ།

༉ ནང་སྒར་- ཨུ་ར་གི་ཕྲང་ལམ་ལུ་བརྟེན་ ལྕམ་མཁར་ཁྲོམ་ཁའི་ ཚོང་པ་ཚུ་གི་ཚོང་འབྲེལ་ལུ་ ཐོ་ཕོག་སྟེ་ཡོདཔ་ཨིན་པས།
དེ་ཡང་ གཙོ་བོ་ར་ ཤར་ཕྱོགས་ཁ་ཐུག་ལུ་འགྱོ་མའི་ འགྲུལ་འཁོར་བཱསི་ཚུ་ ཧེ་མ་བཟུམ་སྦེ་ ལྕམ་མཁར་ཁྲོམ་ཁར་ འགྱོ་མ་དགོ་པར་ ཕྲང་ལམ་བདའ་སྟེ་ འགྱོ་མི་ལུ་བརྟེན་ ཚོང་མགྲོན་པ་ཚུ་ མར་བབས་སོང་ནི་དེ་གིས་ཨིན་པས།
ལྟ་བཤལཔ་ཚུ་གི་ཐད་ཁར་ ཟ་ཁང་སྦོམ་ཚུ་ནང་ སྡོད་དོ་ཡོད་པའི་ཁར་ ཁྲོམ་ཁར་ཡོད་པའི་ཚོང་ཁང་ཚུ་ སྤྱིར་བཏང་མི་ཚུ་ལས་ ཁྱད་ཕན་སྦོམ་ཅིག་ མི་འབྱུང་དོ་ཡོདཔ་ཨིན་པས།
ཚོང་པ་ཚུ་གིས་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ ཁྲོམ་ཁར་མི་ལེ་ཤ་འོང་ནི་ཡོདཔ་ཨིན་རུང་ ད་རེས་ནངས་པར་ བུམ་ཐང་གི་ མི་ཚུ་མ་གཏོགས་ རྫོང་ཁག་གཞན་ཁའི་མི་དེ་ཅིག་འོང་ནི་མེད་ཟེར་ཨིན་པས།
དེ་མ་ཚད་ འཕྲལ་ཁམས་ཅིག་ཁར་ མོང་སྒར་ལུ་འགྱོ་མི་ འགྲུལ་འཁོར་བཱསི་༢ ལྕམ་མཁར་ལུ་མ་འོང་པར་ ཕྲང་འགྱོ་མི་ལུ་བརྟེན་ ཧེང་སྐལ་ར་ ཚོང་འབྲེལ་མར་བབས་སོང་ཡི་ཟེར་ཨིན་པས།
ལྕམ་མཁར་ཁྲོམ་ཁར་ ཚོང་རྐྱབ་སྟེ་ ལོ་ངོ་༢༠ དེ་ཅིག་ལང་མི་ བསོད་ནམས་ལྷ་སྒྲོན་གྱིས་ སླབ་མིའི་ནང་ ཚོང་མགྲོན་པ་ མར་བབས་སོང་ཡོདཔ་ལས་ ཁྱིམ་གྱི་ཁང་གླ་འཐོན་ནི་ལུ་ ལཱ་ཁག་བཏངམ་མས་ཟེར་ཨིནམ་ད་ ཉིནམ་རེ་ལུ་ དངུལ་ཀྲམ་༥༠༠ དེ་ཅིག་ཡང་ བཟོ་མི་ཚུགས་པས་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ ཚོང་མགྲོན་པ་ཡོད་རུང་མེད་རུང་ ཁྱིམ་གྱི་ཁང་གླ་དང་ ཁྲལ་ཚུ་ དགོངས་ཡངས་མེད་པར་ སྤྲོད་དགོཔ་ལས་ ལཱ་ཁག་བཏངམ་མས་ཟེར་ཨིན་པས།
ཧེ་མ་འབད་བ་ཅིན་ ཉིན་བསྟར་བཞིན་དུ་ དངུལ་ཀྲམ་༡༠,༠༠༠ དེ་རེ་ བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ད་རེས་ནངས་པ་ རྡོག་མ་བཙོང་སྟེ་ འོང་འབབ་དངུལ་ཀྲམ་༥༠༠ དེ་ཅིག་ བཟོ་དོ་ཡོདཔ་མ་གཏོགས་ གཞན་ག་ནི་ཡང་ བཙོང་མི་ཚུགས་པས་ཟེར་ ཨིན་པས།
ཚོང་པ་ཚུ་གིས་ སླབ་མིའི་ནང་ ཁྲལ་བསྡུ་ལེན་འབད་བར་འོང་པའི་སྐབས་ ཚོང་ལམ་མེདཔ་ལས་ དུམ་གྲ་རེ་ མར་ཕབ་འབད་དགོ་པའི་ ཞུ་བ་འབད་རུང་ འགོ་དཔོན་ཚུ་གིས་ ཚོང་ཁང་ནང་ གོ་ལ་༡ བཙོང་པའི་སྐབས་ དངུལ་ཀྲམ་༥༠༠༠ དེ་ཅིག་བཟོཝ་ཨིན་ཟེར་ སླབ་དོ་ཡོདཔ་ཨིན་རུང་ ད་རེས་ནངས་པར་ གོ་ལ་༡ བཙོང་ནིའི་དོན་ལུ་ ལོ་ཡང་ལྷགཔ་སྦེ་ འགོརཝ་མས་ཟེར་ཨིན་པས།
མི་ཚུ་གིས་ སླབ་མིའི་ནང་ ཉིན་མའི་ཆུ་ཚོད་༣ དེ་ཅིག་ལས་ བཱསི་ཚུ་ལྷོད་དོ་ཡོདཔ་ལས་ ཁྲོམ་ཁར་ འུར་བྱེལ་ལང་དོ་ཡོདཔ་ཨིན་རུང་ ད་རེས་སྐབས་ཅིག་ དེ་ཡང་མིན་འདུག་ཟེར་ཨིན་པས།
ཀྲོང་གསར་ཟ་ཁང་གི་ སྦྱིན་བདག་གིས་ སླབ་མིའི་ནང་ ཟ་ཁང་ནང་ མི་སྡོད་མི་ཡང་ མར་བབས་སོང་ཡོདཔ་ལས་ ཕྲང་ལམ་དེ་གིས་ ཚོང་འབྲེལ་ལུ་ ཐོ་ཕོག་ཅི་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ ཁང་གླ་སྤྲོད་མ་དགོ་མི་ཚུ་ལུ་ གདོང་ལེན་སྦོམ་མེད་རུང་ ཁང་གླ་སྤྲོད་དགོ་མི་ཚུ་ ལཱ་ཁག་བཏངམ་མས་ཟེར་ཨིནམ་ད་ ལྕམ་མཁར་ཁྲོམ་ཁར་ ཚོང་ལཱ་འབད་མི་ག་ར་ བཱསི་དང་ ཤར་ཕྱོགས་ཁ་ཐུག་ལུ་ འགྱོ་མི་ཚུ་ལུ་ བརྟེན་དོ་ཡོདཔ་་ལས་ མི་གངམ་མེདཔ་ལས་ གདོང་ལེན་བྱུངམ་མས་ཟེར་ཨིན་པས།
ལ་ལོ་ཅིག་གིས་ སླབ་མིའི་ནང་ ཕྲང་ལམ་བསལ་མི་དེ་གིས་ འགྲོ་འགྲུལ་པ་ཚུ་ལུ་ དུས་ཡུན་མར་ཕབ་འགྱོ་བའི་ ཁྱད་ཕན་ཡོད་རུང་ ཚོང་པ་ཚུ་ལུ་ ཐོ་ཕོག་དོ་ཡོདཔ་ལས་ ལཱ་དེ་ཚུ་མ་འབད་བའི་ཧེ་མར་ ཕན་གནོད་ཚུ་ ཞིབ་དཔྱད་འབད་དགོཔ་ཁག་ཆེ་བ་ཟེར་ ཨིན་པས།
ས་གནས་ག་ཏེ་འབད་རུང་ ཕྲང་ལམ་བཏོན་མི་དེ་གིས་ ཚོང་པ་ཚུ་ འོང་འབབ་བཟོ་མ་ཚུགས་པའི་ དཀའ་ངལ་བྱུང་དོ་ཡོདཔ་ཨིན་རུང་ ད་ཚུན་ འབྲེལ་ཡོད་དབང་འཛིན་དང་ གཞུང་གི་ཁ་ཐུག་ལས་ བར་འཛུལ་འབད་དེ་ ཐབས་ལམ་བཏོན་ནི་མིན་འདུག་ཟེར་ ཨིན་པའི་གནས་ཚུལ།

ཉིམ་རྡོ་རྗེ། བུམ་ཐང་།

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *