ཕྲང་ལམ་འབྲེལ་མཐུད་འབད་རུང་ ད་རུང་ ལོ་༡ བསྒུག་དགོཔ་འཐོན་ནི།

༉ ཕུན་ཚོགས་གླིང་དང་ ཐིམ་ཕུག་བར་ནའི་ གཞུང་ལམ་དེ་ རྒྱལ་ཁབ་ཀྱི་ སྲོག་ཤིང་བཟུམ་ཅིག་ལུ་ གྱུར་ཡོད་མི་དེ་ཡང་ རྒྱལ་ཁབ་ཡར་རྒྱས་ཀྱི་ གོམ་པ་མདུན་ཕྱོགས་ལུ་ སྤོཝ་དང་འབྲེལ་ ཚོང་འབྲེལ་དང་ དཔལ་འབྱོར་གྱི་དོན་ལུ་ག་ནི་བ་ ཁག་ཆེ་བའི་ རྒྱུན་ལམ་ཅིག་འབད་ནི་དེ་གིས་ཨིན།
གཞུང་གི་ཁ་ཐུག་ལས་ཡང་ གནད་འགག་ཅན་གྱི་ ལས་སྣ་ཚུ་ ཐུགས་ཁར་བཞག་ཐོག་ལས་ གཞུང་ལམ་དེ་ལུ་ གཙོ་རིམ་བསྒྲིགས་ཏེ་ གཉིས་སྦྲེལ་ལམ་སྦེ་ རྒྱ་སྐྱེད་འབད་ནི་གུ་ ཐག་བཅད་ཐོག་ལས་ ལོ་ངོ་༩ དེ་ཅིག་གི་ཧེ་མ་ གཞུང་ལམ་རྒྱ་སྐྱེད་ཀྱི་ ལཱ་འགོ་བཙུགས་ཅི།
ལཱ་འགོ་བཙུགས་མི་དང་བསྟུན་ ཕུན་ཚོགས་གླིང་དང་ ཆུ་ཁ་ཚུན་ལུ་ གཉིས་སྦྲེལ་ལམ་རྒྱ་སྐྱེད་འབད་མི་གིས་ གཞུང་དང་ མི་སེར་ག་ར་ལུ་ ཕན་ཐོགས་སྦོམ་ར་ བྱུང་ཡོདཔ་ཨིན་རུང་ ཆུ་ཁ་ལས་ འདམ་ཆུ་ཚུན་གྱི་ ཕྲང་ལམ་གསརཔ་སེལ་ནིའི་ལཱ་དེ་ ཡུན་འགྱངས་སྦེ་ར་ ལུས་ཡོདཔ་མ་ཚད་ ལཱ་མཇུག་བསྡུའི་དུས་ཚོད་ཡང་ དུས་ཡོལ་ལན་གྲངས་༤ དེ་ཅིག་ སོང་ཡོདཔ་ལས་ ད་ལྟོའི་བར་ན་ཡང་ མཇུག་བསྡུ་མ་ཚུགས་པར་ཡོདཔ་ཨིན།
ཕྲང་ལམ་ཀི་ལོ་མི་ཊར་༢༤ དེ་ཅིག་ སེལ་ནིའི་དོན་ལུ་ ལོ་༥ ལྷག་ཙམ་ལང་ཡོད་རུང་ མཇུག་མ་བསྡུ་བར་ ད་རུང་ ཤུལ་མའི་ལོ་ནང་ ཕར་བཤུད་རྐྱབ་མི་ལུ་ལྟཝ་ད་ ཕྲང་ལམ་ལག་ལེན་འཐབ་ཚུགས་ཚུགས་ལུ་ ལོ་ལྷགཔ་ཅིག་ འགོར་ནི་བཟུམ་འདུག།
སྤྱིར་བཏང་འཁོར་ལམ་དེ་གིས་ ཕན་ཐོགས་སྦོམ་ར་ འབྱུང་ཚུགས་པའི་ འོས་འབབ་ཡོད་རུང་ ལཱ་གི་གྲུབ་འབྲས་འཐོན་ནི་མེད་པར་ ལོ་ལས་ལོ་བཅད་དེ་ ཡུན་འགྱངས་སྦེ་ལུས་མི་གིས་ ཕན་པ་ལས་ལྷག་པའི་ གནོད་པ་བྱུང་སྲིད།
ལམ་སེལ་གྱི་ ལཱ་འབད་མི་དེ་ ནང་འཁོད་ཁག་འབགཔ་ཨིན་པ་ཅིན་ ལཱ་གི་དུས་ཚོད་འབྱིད་པའི་བསྒང་ལས་ དེ་འཕྲོ་ལས་ དུས་ཡོལ་གྱི་ ཉེས་ཆད་བཀལ་དོ་ཡོད་རུང་ རྒྱ་གར་ཁག་འབགཔ་ ཌཱན་ཊཱག་ལས་འགུལ་གྱིས་ གཞུང་ལམ་སེལ་ནིའི་ལཱ་གི་ གྲུབ་འབྲས་བྱུང་མ་ཚུགས་པར་ ཕྱིར་འགྱངས་སྦེ་ལུས་མི་ལུ་ ངོས་ལེན་ཟེརཝ་ ག་ནི་ཡང་འབད་ནི་མེད་པར་ བཞགཔ་མས་ཟེར་ སྤྱིར་བཏང་མི་མང་གིས་ ཉོགས་བཤད་ཡང་བཀོདཔ་མས།
ཕྲང་ལམ་གྱི་ལཱ་དེ་ མཇུག་བསྡུ་མ་ཚུགསཔ་ལས་ ཤར་ནུབ་གཞུང་ལམ་རྒྱ་སྐྱེད་ཀྱི་ལཱ་དེ་ཡང་ ཧ་ལམ་ མཇུག་བསྡུ་རན་ཁར་ ལྷོད་དེ་ཡོདཔ་ལས་ འགན་ཁག་དང་ འགན་འཁྲི་ཚུ་ ག་ལུ་ཕོག་རུང་ འགན་ཁུར་འབག་ནིའི་ དུས་ཚོད་དེ་ ན་འཐན་ར་ རན་མཆིས་ནུག།
ཨིན་རུང་ སྤྱི་ཟླ་༨ པའི་ཚེས་༡༥ ལུ་ ཞབས་ཏོག་བློན་པོ་གིས་ ཆུ་ཁ་དང་ འདམ་ཆུའི་ཕྲང་ལམ་གྱི་ གནས་སྟངས་ལུ་ ལྟ་སྐོར་འབད་བའི་སྐབས་ ཕྲང་ལམ་གྱི་ ཕྱོགས་གཉིས་མཐུད་སྦྲེལ་འབད་མི་དེ་ ཕུན་ཚོགས་གླིང་དང་ ཐིམ་ཕུག་གི་བར་ན་ རྒྱུན་འབྲེལ་འཐབ་མི་ཚུ་གི་དོན་ལུ་ གནས་ཚུལ་བཟང་པོ་ཅིག་ཨིན་མས།
དེ་འབདཝ་ལས་ མི་མང་གིས་ ཌཱན་ཊཱག་ལས་འགུལ་ལུ་ དགའ་ཚོར་བསྐྱེདཔ་དང་འབྲེལ་ ད་རུང་ དོགས་པ་ཆགས་དགོ་པའི་ གཞི་གནད་ཅིག་ལུ་ གྱུར་ཡོད་མི་དེ་ཡང་ ཕྲང་ལམ་བདའ་སྟེ་ ཟམ་༣ རྐྱབ་དགོཔ་ཡོད་མིའི་གྲས་ལས་༡ མཇུག་བསྡུ་རུང་ ད་རུང་ ཟམ་༢ རྐྱབ་པའི་བསྒང་ཡོད་མི་དེ་ སང་ཕོད་བསྒྲུབ་ནི་གི་ ལས་འཆར་ཨིན་རུང་ ངེས་བརྟན་མེད་ནི་དེ་གིས་ཨིན་པས།
མ་གཞི་ འཁོར་ལམ་སེལ་ནི་དང་ ཟམ་རྐྱབ་ནིའི་ལཱ་ཚུ་ གཅིག་ཁར་འབད་བ་ཅིན་ ད་རེས་ དུས་ཚོད་འ་ནེམ་ཅིག་ཁ་ལས་ འདམ་ཆུ་དང་ ཆུ་ཁའི་ཕྲང་ལམ་དེ་ ལག་ལེན་འཐབ་ཚུགས་ནི་ཨིན་རུང་ མནོ་ས་སྟ་རེ་མ་ཕོག་ དྲང་པོར་ཤིང་གིས་མ་འགག་ཟེར་དོ་བཟུམ་སྦེ་ ད་རུང་ ལོ་༡ བསྒུག་དགོཔ་ལས་ འབྲུག་མི་ཚུ་ དབུགས་འགམ་པའི་ གཞི་ཅིག་སྦེ་ར་ ལུས་ནི་མས་ཟེར་ ཞུ་ནི་ཨིན།

About admin

Check Also

མདའ་རྩེད་དེ་ སྲོས་ཀྱི་མི་སེར་ཚུ་གི་དོན་ལུ་ སྤྲོ་སྟོན་འབད་ནིའི་ དུས་ཚོད་ཅིག་ཨིནམ།

༉ ལ་གོང་གསུམ་གྱི་ མི་སེར་ཚུ་གི་དོན་ལུ་ ཕམ་སྤུན་ཆ་འཛོམས་ཏེ་ སྤྲོ་བ་སྟོན་ནིའི་ དུས་ཚོད་བཟང་པོ་ཅིག་ མདའ་རྩེད་འགྲན་བསྡུར་འབད་ནི་དེ་ཨིན་པས། དེ་འབདཝ་ལས་ ཁ་ཙ་ ཐིམ་ཕུག་སྲོས་རྒེད་འོག་ནང་ ཁཝ་འགོ་དང་པ་རྐྱབ་ཡོདཔ་ལས་ གྱང་ཤུགས་ཆེ་བའི་ཁར་ ཆརཔ་གིས་སྦང་རུང་ མདའ་རྩེདཔ་ཚུ་ལུ་ ཧེང་སྐལ་ར་ …

Leave a Reply

Your email address will not be published. Required fields are marked *