ཕྱིའི་ལས་མི་ཚུ་ གནས་སྐབས་ཅིག་ ནང་འདྲེན་མཚམས་འཇོག་འབད་ནི།

༉ གཞུང་གིས་ ནངས་པར་ལས་ ཕྱིའི་ལས་མི་ཚུ་ རྒྱལ་ཁབ་ནང་ ནང་འདྲེན་འབད་ནི་དེ་ གནས་སྐབས་ཅིག་ མཚམས་འཇོག་འབད་ནི་ཨིན་པས།

དེ་ཡང་ ཁ་ཙ་ བདུན་ཕྲག་༣ གྱི་ ཟུར་བཞག་དུས་ཡུན་ཚང་སྟེ་ ཕྱི་ཁར་ཐོན་པའི་སྐབས་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ གསལ་བསྒྲགས་གནང་ཡི།

བློན་ཆེན་གྱིས་ གསུངས་མིའི་ནང་ ནད་ཡམས་ཀོ་བིཌ༌-༡༩ འི་ གནས་ཚད་བསྒྱུར་བཅོས་དང་ ཁྱིམ་མཚེས་རྒྱལ་ཁབ་ཚུ་ནང་ ནད་ཡམས་ཐོབ་མིའི་གྱངས་ཁ་ ཨ་རྟག་དང་མ་འདྲཝ་སྦེ་ ཡར་འཕར་འགྱོ་བའི་ ཚ་གྱང་ཡོད་མི་ལུ་བརྟེན་ གནས་སྐབས་ཅིག་ ཕྱིའི་ལས་མི་ཚུ་ ནང་འདྲེན་མི་འབད་ཟེར་ཨིན་པས།

འབྲུག་ལུ་ ནད་ཡམས་ཀྱི་ གནས་སྟངས་ལེགས་ཤོམ་ཡོད་ཟེར་ མི་ཚུ་ ག་དགའཝ་སྦེ་ སྡོད་ནི་མི་འོང་ཟེར་ཨིནམ་ད་ ང་བཅས་ལུ་ ཉེན་ཁ་ཆེ་ཤོས་ར་ ཁྱིམ་ཚང་རྒྱལ་ཁབ་ རྒྱ་གར་ལུ་ འདས་པའི་ཆུ་ཚོད་༢༤ གི་ནང་ ཀོ་བིཌ་-༡༩ ཐོབ་མི་ ནདཔ་གསརཔ་འབུམ་༢ ཐོན་མི་དེ་ ད་ལྟོ་ཚུན་ཚོད་ཀྱི་བར་ན་ མཐོ་ཤོས་ཨིན་པའི་ཁར་ མི་སྟོང་ཕྲག་༡ ལྷགཔ་ཅིག་ ཚེ་ལས་འདས་སོ་ནུག་ཟེར་ བློན་ཆེན་གྱིས་ གསུངས་ཡི།

བློན་ཆེན་གྱིས་འབད་བ་ཅིན་ ནད་འབུབ་ཐོབ་མིའི་ གྱངས་ཁ་ཡར་སེང་འགྱོ་མི་དེ་ཡང་ ལོ་གསར་གྱི་ དུས་སྟོན་བརྩི་སྲུང་དང་ མི་སྤུངས་འཛོམས་འབད་མི་ལུ་བརྟེན་ཨིནམ་ལས་ བདུན་ཕྲག་༡ དང་༢ ཀྱི་རྒྱབ་ལས་ གནས་སྟངས་ག་ཅི་བཟུམ་ཅིག་ནང་ ལྷོད་ནི་ཨིན་ན་ ཚ་གྱང་ལངམ་མས་ཟེར་ཨིན་པས།

ད་རེས་ནངས་པར་ འབྲུག་ལུ་ ཟུར་བཞག་མཐུན་རྐྱེན་ནང་ལས་ ནད་འབུབ་ཐོབ་སྟེ་ཡོདཔ་ བདའ་ཟུན་མི་ མང་ཤོས་ར་ རྒྱ་གར་ལས་ འོང་མི་ཚུ་ཨིནམ་ད་ དེ་ཡང་ རྒྱལ་ཁབ་ནང་ ལཱ་འབད་ནིའི་དོན་ལུ་ འོང་མི་དང་ ལ་ལོ་ཅིག་ རྒྱ་གར་ལས་ ལོག་འོང་མི་ འབྲུགཔ་ཨིན་པའི་ཁར་ བརྡ་བརྒྱུད་ཚུ་ནང་ ལྟ་བའི་སྐབས་ རྒྱ་གར་ལུ་ ཨ་རྟག་དང་མ་འདྲ་བའི་ ནད་གཞི་ཁྱབ་སྤེལ་འགྱོ་དོ་ཡོད་མི་ལུ་ ཞིབ་དཔྱད་འབད་ནི་ འགོ་བཙུགས་ཏེ་འདུག་ཟེར་ བློན་ཆེན་གྱིས་ གསུངས་ཡི།

ཁ་ཙ་ འདས་པའི་ཆུ་ཚོད་༢༤ འི་ནང་འཁོད་ལུ་ སྐྱེས་ལོ་༢༢ ལས་༥༢ ཀྱི་བར་ན་འབད་མི་ ཕོ་སྐྱེས་༥ ལུ་ ཀོ་བིཌ་-༡༩ ཐོབ་ཡོད་པའི་ གྲུབ་འབྲས་ཐོན་མི་ག་ར་ ཕུན་ཚོགས་གླིང་ལུ་ ཟུར་བཞག་མཐུན་རྐྱེན་ནང་བཞག་མི་ ཕྱི་མི་ཚུ་ཨིནམ་ད་ དེ་གི་ཧེ་མར་ སྤྱི་ཟླ་༤ པའི་ཚེས་༡༤ ལུ་ ཕུན་ཚོགས་གླིང་དང་ དགེ་ལེགས་ཕུག་གི་ ཟུར་བཞག་མཐུན་རྐྱེན་ནང་ ཕོ་སྐྱེས་༢ ལུ་ ནད་འབུབ་ཐོབ་སྟེ་ བདའ་ཟུན་མི་ཡང་ ཕྱི་མི་ཨིན་པས།

ཁ་ཙ་ ཉི་མའི་ཆུ་ཚོད་༢ ལུ་ རྒྱལ་ཡོངས་ལས་བྱེད་ཚོགས་ཆུང་དང་ ཕུན་ཚོགས་གླིང་དང་ བསམ་གྲུབ་ལྗོངས་མཁར་ལུ་ཡོད་མི་ ཀོ་བིཌ་-༡༩ ལས་བྱེད་ཚོགས་ཆུང་དང་ ཞལ་འཛོམས་འཚོགས་པའི་སྐབས་ ཚོགས་ཆུང་གིས་ ས་མཚམས་བདའ་སྟེ་ ནད་ཡམས་ཀྱི་ གནས་སྟངས་འཚུབས་ཆེན་དང་ ཉེན་ཁ་ཅན་ཅིག་ལུ་ གྱུར་ཡོདཔ་ལས་ ཉེན་སྲུང་གི་དོན་ལུ་ ས་ཁོངས་ཚུ་ནང་ མི་ཐེབས་བཙུགས་ཏེ་ ལྟ་རྟོག་འབད་བའི་བསྒང་འདུག་ཟེར་ སྙན་ཞུ་ཕུལ་ནུག།

དེ་འབདཝ་ལས་ གནས་སྐབས་ཅིག་གི་དོན་ལུ་ ཕྱིའི་ལས་མི་ཚུ་ ནང་འདྲེན་འབད་ནི་དེ་ བཀག་ཆ་འབད་རུང་ བཏུབ་ནི་མས་ཟེར་ གྲོས་འཆར་ཕུལ་ནུག་ཟེར་ཨིན་པས།

ལས་མི་ནང་འདྲེན་མཚམས་འཇོག་ལུ་བརྟེན་ རྒྱལ་ཁབ་ཀྱི་ དཔལ་འབྱོར་དང་ མི་རེ་གཉིས་ལུ་ཡང་ ཐོ་ཕོག་རུང་ བཀག་ཆ་མ་འབད་བར་ ཐབས་ར་མིན་འདུག་ཟེར་ བློན་ཆེན་གྱིས་ གསུངས་པའི་ཁར་ འབྲུག་གིས་ འདས་པའི་ལོ་༡ གི་རིང་ གནམ་མེད་ས་མེད་ལཱ་རྩ་འགེངས་འབད་མི་དེ་ ད་ལས་ཕར་ ཉིནམ་༡ དང་༢ དེ་ཅིག་ནང་ མེདཔ་གཏང་ཉེན་ཡོདཔ་ལས་ ཚ་གྱང་ལང་སྟེ་ ཕྱི་རུ་གཉིད་ཡང་ལོག་མི་བཏུབ་པས་ཟེར་ གསུངས་ཡི།

ཁ་ཙ་ཕྱི་རུ་ཚུན་ཚོད་ རྒྱལ་ཁབ་ནང་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མིའི་གྱངས་ཁ་༩༣༤ ལུ་ ལྷོད་ཡོད་མི་ལས་ ད་ལྟོ་ རྐྱང་གནས་ཟུར་བཞག་ནང་ ཕོ་༤༨ དང་མོ་༩ འབདཝ་ད་ ནདཔ་༥༧ ཡོདཔ་ཨིན་པས།

རྒྱ་གར་རྒྱལ་ཁབ་ནང་འབད་བ་ཅིན་ མི་༡༤,༠༧༤,༥༦༤ ལུ་ ཀོ་བིཌ་-༡༩ ཐོབ་མི་ལས་༡༧༣,༡༢༣ ལུ་ ཤི་རྐྱེན་བྱུང་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *