ཕྱི་རྒྱལ་ལུ་ ལཱ་གཡོག་འབད་བར་བཏང་མི་ ངོ་ཚབ་ལས་སྡེ་རྫུས་མ་ཚུ་ དང་ལེན་འབད་ནི།

༉ ལས་གཡོག་ལྷན་ཁག་དང་འཁྲིལཝ་ད་ ད་རེས་ནངས་པར་ མི་སྡེ་བརྡ་བརྒྱུད་ ཕེསི་བུག་ནང་ ལཱ་གཡོག་གི་ ལས་སྡེ་རྫུས་མ་བཟོ་ཐོག་ལས་ ཕྱིའི་རྒྱལ་ཁབ་ཚུ་ནང་ ལཱ་གཡོག་གི་ ས་སྟོང་གསལ་བསྒྲགས་འབད་མིའི་གྱངས་ཁ་ ཡར་སེང་སོང་ཡོད་རུང་ ལས་སྡེ་ཚུ་ བདའ་ཟུན་ནི་ལུ་ ལཱ་ཁག་བཏངམ་མས་ཟེར་ཨིན་པས།

དེ་ཡང་ ལས་སྡེ་ཚུ་གིས་ རང་སོའི་ཁ་བྱང་ཚུ་ རྫུན་མ་བཟོ་ཐོག་ལས་ གསལ་བསྒྲགས་འབད་མི་ལུ་བརྟེན་ཨིནམ་ད་ ལྷན་ཁག་གིས་ ལས་སྡེ་ཚུ་ རྫུས་མ་ཨིན་པའི་སྐོར་ལས་ མི་སྡེ་བརྡ་བརྒྱུད་ནང་ ཁྱབ་བསྒྲགས་འབད་བཞིན་དུ་ ཡོདཔ་ཨིན་པས།
འབྲུག་གི་ལས་མི་དང་ལཱ་གཡོག་བཅའ་ཁྲིམས་ སྤྱི་ལོ་༢༠༠༧ གྱི་ དོན་ཚན་༨ པའི་རྩ་ཚན་༢༡༡ ཅན་མ་དང་འཁྲིལཝ་ད་ ཆོག་ཐམ་མེད་པའི་ མི་ངོམ་ཅིག་གིས་ ལཱ་གཡོག་གི་ ངོ་ཚབ་འབད་མི་ཆོག་ཟེར་ཨིན་པས།
ལྷན་ཁག་གི་ རྒྱལ་སྤྱིའི་ལཱ་གཡོག་ལས་རིམ་འགོ་དཔོན་ ཨོ་རྒྱན་བཀྲིས་ཀྱིས་ སླབ་མིའི་ནང་ གལ་སྲིད་ ལྷན་ཁག་གིས་ ལས་སྡེ་རྫུས་མ་ བཟོ་ཐོག་ལས་ ལཱ་གཡོག་གསལ་བསྒྲགས་འབད་མི་ཚུ་ བདའ་ཟུན་པ་ཅིན་ ཁྲིམས་འགལ་གྱི་ གནས་ཚད་དང་འཁྲིལ་ཏེ་ དང་ལེན་འབད་ནི་ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ལྷན་ཁག་གིས་ ཡང་བསྐྱར་དུ་ མི་སྡེ་བརྡ་བརྒྱུད་ནང་ལས་ཕར་ ཁྲིམས་འགལ་ཐོག་ལས་ རྒྱལ་སྤྱི་ནང་ ལཱ་གཡོག་འབད་བར་ བཏང་མིའི་སྐོར་ལས་ གསལ་བསྒྲགས་འབད་རུང་ ན་གཞོན་ཚུ་གིས་ ལྷན་ཁག་ལས་ བསླབ་བྱ་ཚུ་མ་ལེན་པར་ རང་གིས་ཉེན་ཁ་འབག་ཐོག་ལས་ ལཱ་འབད་བར་ འགྱོཝ་མས་ཟེར་ཨིན་པས།
མི་སྡེ་བརྡ་བརྒྱུད་ ཕེསི་བུག་ནང་ ལས་སྡེ་རྫུས་མ་ཚུ་གིས་ ཟླ་རིམ་གྱི་དངུལ་ཕོགས་ ལེགས་ཤོམ་བྱིན་ནི་ཨིན་པའི་ཁར་ གནམ་གྲུའི་ཤོག་འཛིན་ཡང་ རིན་མེད་སྟོང་པར་སྦེ་ བྱིན་ནི་ཨིན་པའི་ གསལ་བསྒྲགས་འབད་དོ་ཡོདཔ་ཨིན་པས།
ལྷན་ཁག་གི་ འགོ་དཔོན་ཚུ་གིས་ བཤད་མིའི་ནང་ ལས་སྡེ་རྫུས་མ་བརྒྱུད་དེ་ ལཱ་འབད་བར་ ཕྱིའི་རྒྱལ་ཁབ་ནང་ལྷོད་དེ་ བྱ་སྟབས་མ་བདེཝ་ཐོན་པའི་སྐབས་ རྒྱལ་ཁབ་ག་རའི་ནང་ རང་སོའི་སྒྲིག་གཞི་ཚུ་ཡོདཔ་ལས་ ལྷན་ཁག་གིས་ ལོག་ལེན་ནི་ལུ་ གདོན་ལེན་བྱུངམ་མས་ཟེར་ཨིན་པས།
རྒྱལ་སྤྱིའི་ནང་ ལཱ་འབད་བར་གཏང་ནིའི་ ཆོག་ཐམ་ཡོད་པའི་ ལས་སྡེ་ཚུ་གིས་འབད་རུང་ སྤྱི་ལོ་༢༠༡༣ ལུ་ བཟོ་ཡོད་པའི་ འབྲུག་གི་རྒྱལ་སྤྱིའི་ལཱ་གཡོག་ལས་སྡེའི་སྒྲིག་གཞི་གི་ བྱ་སྒོའི་ལམ་ལུགས་ཚུ་དང་ འཁྲིལ་དགོ་པའི་ཁར་ ལས་སྡེ་ཚུ་གིས་ ལཱ་གཡོག་ས་སྟོང་འབད་མི་ལས་ འགོ་བཙུགས་ཏེ་ གཡོག་གནས་མཐའ་བཅད་ཚུན་ ལྷན་ཁག་ལས་ གནང་བ་ལེན་དགོཔ་ཨིན་པས།
ཨོ་རྒྱན་བཀྲིས་ཀྱིས་ སླབ་མིའི་ནང་ འབྲུག་པའི་ན་གཞོན་ཚུ་ རྒྱལ་སྤྱི་ལཱ་གཡོག་ལས་སྡེ་ རྫུས་མ་ཚུ་གི་ མགུ་སྐོར་འོག་ལུ་ མི་འཛུལ་ནིའི་དོན་ལས་ ལྷན་ཁག་གིས་ མི་མང་ལུ་ ཡར་བསྐྱར་དུ་ ཁྱབ་བསྒྲགས་འབད་དོ་ཟེར་ཨིན་པས།
ལྷན་ཁག་གིས་འབད་བ་ཅིན་ ན་གཞོན་ཚུ་གིས་ རྒྱལ་སྤྱི་ནང་ ལཱ་གཡོག་བྱིན་ནིའི་ཆོག་ཐམ་འཆང་མི་ ལས་སྡེ་རྐྱངམ་གཅིག་ལུ་ ལཱ་གཡོག་གི་ ཡི་གུ་བཙུགས་པའི་ཤུལ་ལས་ ལྷན་ཁག་དང་གཅིག་ཁར་ འབྲེལ་བ་འཐབ་གནང་ཟེར་བའི་ བསླབ་བྱ་ཚུ་ བྱིན་དོ་ཟེར་ཨིན་པས།
ལས་གཡོག་ལྷན་ཁག་གིས་ ད་ཚུན་ བརྟན་ཞུགས་རྒྱལ་སྤྱི་ལཱ་གཡོག་ལས་སྡེ་དང་ བླ་མ་ན་གཞོན་རྒྱལ་སྤྱི་ལཱ་གཡོག་ཚད་འཛིན་ དེ་ལས་ གོ་ལོ་བཱལ་ལཱ་གཡོག་ལས་སྡེ་༣ གྱིས་ ཁྲིམས་འགལ་ཐོག་ལས་ ན་གཞོན་ཚུ་ ཕྱི་རྒྱལ་ལུ་ ལཱ་འབད་བར་བཏང་མི་ལུ་བརྟེན་ ཆོག་ཐམ་ཚུ་ ཆ་མེད་བཏང་ནུག།
འགོ་དཔོན་ཚུ་གིས་ སླབ་མིའི་ནང་ འདས་པའི་ཟླཝ་༡ གི་ནང་འཁོད་ལུ་ ཤེས་རིག་གྲོས་བསྟུན་ལས་སྡེ་༢ ཀྱིས་ ཁྲིམས་འགལ་ཐོག་ལས་ ཀུ་ཝེཊ་དང་ ཡུ་ནའི་ཊེཊ་ ཨ་རབ་ ཨེ་མི་རེཊི་རྒྱལ་ཁབ་ཚུ་ནང་ འབྲུག་པའི་ན་གཞོན་ཚུ་ ལཱ་འབད་བར་ བཏང་ནུག་ཟེར་ཨིན་པས།
དེ་ཡང་ གསེར་རྒྱལ་ཤེས་རིག་གྲོས་སྟོན་ལས་སྡེ་གིས་ ཁྲིམས་འགལ་ཐོག་ལས་ འབྲུག་པའི་ན་གཞོན་ བུམོ་༡༠ ཀུ་ཝེཊ་ལུ་ ཁྱིམ་ནང་ལཱ་འབད་མི་སྦེ་ བཏང་ཡོད་པའི་ཉོགས་བཤད་ཚུ་ ལྷན་ཁག་གིས་ གོ་བའི་ཤུལ་ལས་ གནད་དོན་དེ་ དབྱེ་དཔྱད་འབད་དེ་ ཀུ་ཝེཊ་ལུ་ཡོད་པའི་ རྒྱལ་གཞུང་སྐུ་ཚབ་ཡིག་ཚང་ནང་ སྙན་ཞུ་འབད་ཡི་ཟེར་ ཨོ་རྒྱན་བཀྲིས་ཀྱིས་ བཤདཔ་ཨིན་པས།
ཡིག་ཚང་གིས་ བུམོ་༡༠ ག་ར་ ཉེན་སྐྱོབ་འབད་དེ་ བུམོ་༩ ལོག་རྒྱལ་ཁབ་ནང་ བཏང་ཡོདཔ་བཞིན་དུ་ བུམོ་༡ འཕྲལ་མགྱོགས་ར་ ལྷོད་ནི་ཨིན་པས།
དེ་བཟུམ་སྦེ་ གྲུབ་ཐོབ་ཤེས་རིག་གྲོས་སྟོན་གྱིས་ ཁྲིམས་འགལ་ཐོག་ལས་ ཁྱིམ་ནང་ལཱ་འབད་མི་སྦེ་ བུམོ་༤ ཡུ་ནའི་ཊེཊ་ ཨ་རབ་ ཨེ་མི་རེཊ་དང་ ཨོ་མཱན་ལུ་ བཏང་ཡོདཔ་བཞིན་དུ་ ད་ལྟོ་ བུམོ་༣ ཁོང་རའི་ལས་སྡེ་གིས་ བཏང་བའི་ཤུལ་ལས་ ཡུ་ནའི་ཊེཊ་ ཨ་རབ་ ཨེ་མི་རེཊི་ནང་ ལཱ་གཡོག་གཞན་ཅིག་ འབད་དེ་ཡོདཔ་ཨིན་པས།
ལྷན་ཁག་གི་ ཚ་གྱང་ཆེ་ཤོས་ར་ འབྲུག་པའི་བུམོ་ཚུ་ རྒྱལ་ཁབ་ནང་ ཉེན་སྲུང་དང་ལྡནམ་སྦེ་ ལོག་ལེན་ནི་དེ་ཨིན་ཟེར་ཨིནམ་ད་ བུམོ་ཚུ་ རྒྱལ་ཁབ་ནང་ ལོག་འོང་པའི་ཤུལ་ལས་ གྲོས་སྟོན་པ་༢ ལུ་ དང་ལེན་དམ་དམ་སྦེ་ར་ འབད་ནི་ཨིན་ཟེར་ ཨོ་རྒྱན་བཀྲིས་ཀྱིས་ སླབ་ཨིན་པས།
དེ་མ་ཚད་ ལྷན་ཁག་གིས་ གནད་དོན་དེ་ལུ་བལྟ་སྟེ་ དང་ལེན་དོན་ལས་ ཤེས་རིག་ལྷན་ཁག་ལུ་ ཡི་གུ་ཅིག་ཡང་ བཏང་ཡི་ཟེར་ཨིན་པས།
ལས་གཡོག་ལྷན་ཁག་ལས་ རྒྱལ་སྤྱི་ལཱ་གཡོག་བྱིན་ནིའི་ ཆོག་ཐམ་འཆང་མི་ ལས་སྡེ་༨ ཡོདཔ་བཞིན་དུ་ ལས་སྡེ་དང་ ལས་གཡོག་ལྷན་ཁག་གིས་ ད་ལྟོ་ཚུན་ ཕྱིའི་རྒྱལ་ཁབ་ཚུ་ནང་ ལཱ་འབད་བར་ འབྲུག་པའི་ན་གཞོན་༣,༨༡༤ བཏང་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ཆུའི་གཙོ་རིམ་ལས་འགུལ་ལུ་བརྟེན་ འཐུང་ཆུ་དང་ ཞིང་ཆུའི་དཀའ་ངལ་སེལ་ཐབས་འབད་ནི།

༉ བུམ་ཐང་ ཨུ་ར་རྒེད་འོག་ སྟངས་སི་སྦིས་སྤྱི་འོག་གི་ མི་སེར་ཚུ་ ཟླཝ་༣ གྱི་རྒྱབ་ལས་ ཨ་རྟག་བཟུམ་སྦེ་ ཆུའི་དཀའ་ངལ་མི་འབྱུང་ནི་ཨིན་མི་དེ་ཡང་ ཆུའི་གཙོ་རིམ་ལས་འགུལ་འོག་ གཞུང་དང་བདེ་སྲུང་མཉམ་འབྲེལ་ཐོག་ ཞིང་ཆུ་དང་འཐུང་ཆུའི་ལས་འགུལ་ འགོ་བཙུགས་ནི་དེ་གིས་ཨིན་པས། ཁ་ཙ་ ལས་འགུལ་གྱི་ …

Leave a Reply

Your email address will not be published. Required fields are marked *