༉ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ ལོ་༡ གི་ཧེ་མར་ ཕྱིའི་རྒྱལ་ཁབ་ཚུ་ནང་སྡོད་མི་ འབྲུག་མི་ཚུ་གི་དོན་ལུ་ འགྲེམ་ཐོག་ལས་ ཕྱི་དངུལ་བཙུགས་ནིའི་ཞབས་ཏོག་ འགོ་བཙུགས་པའི་ཤུལ་ལས་ ད་ཚུན་ ཡུ་ཨེསི་ཌོ་ལར་ས་ཡ་༢ བཙུགས་མི་དེ་ དབང་འཛིན་གྱིས་ ཡུ་ཨེསི་ཌོ་ལར་ས་ཡ་༡ དམིགས་གཏད་བསྐྱེད་མི་ལས་ བརྒལ་ཡོདཔ་ཨིན་པས།
དབང་འཛིན་གྱིས་ ཡུ་ཨེསི་ཌོ་ལར་ས་ཡ་༡ དམིགས་གཏད་བསྐྱེད་མི་དེ་ སྤྱི་ཟླ་༥ པའི་ནང་ར་ གྲུབ་ཡོདཔ་ད་ ནང་འཁོད་དངུལ་ཁང་ཚུ་ནང་ ཕྱིའི་ཏི་རུ་བཙུགས་མིའི་ རྩིས་ཁྲ་བཟོ་མི་དེ་ཡང་༦༣༧ ལས་༨༥༠ ལུ་ ཡར་སེང་སོང་ཡོདཔ་ཨིན་པས།
ཞབས་ཏོག་དེ་ ཕྱི་རྒྱལ་ཁབ་ཚུ་ནང་ སྡོད་མི་ཚུ་གིས་ ཕྱིའི་ཏི་རུ་ཚུ་ བཙུགས་ནིའི་དོན་ལུ་ རྒྱལ་ཁབ་ནང་འཁོད་ཀྱི་ དངུལ་ཁང་ཚུ་ནང་ རྩིས་ཁྲ་ཕྱེ་མི་དེ་ཨིན་པས།
ཞབས་ཏོག་དེ་ ལེགས་ཤོམ་སྦེ་ གཞི་བཙུགས་འབད་ཚར་ཡོདཔ་ལས་ ཕྱི་རྒྱལ་ལུ་ ན་གཞོན་མང་སུ་འགྱོ་མི་དང་བསྟུན་ རྩིས་ཁྲ་བཟོ་མི་ ཡར་སེང་འགྱོ་བའི་རེ་བ་ཡོདཔ་ད་ ཞབས་ཏོག་དེ་གིས་ ཕྱིའི་ཏི་རུ་བཙུགས་མི་ཚུ་ ཉེན་སྲུང་ཐོག་ལས་ བཙུགས་ཚུགས་ཟེར་ དབང་འཛིན་གྱི་སྤྱི་འཛིན་ དྲགོས་དཔལ་འབྱོར་གྱིས་ བཤད་ཅི།
དཔེར་ན་ ཕྱི་རྒྱལ་ལུ་སྡོད་མི་ འབྲུག་མི་ཚུ་གིས་ འཐུས་ག་ནི་ཡང་ མ་ཕོགཔ་སྦེ་ ཕྱི་དངུལ་ རྩིས་ཁྲ་ཕྱེ་ཚུགས་ནི་ཨིན་རུང་ ཞབས་ཏོག་སྤྱོད་མི་གིས་ ཁོང་ར་སྡོད་སའི་ རྒྱལ་ཁབ་ཚུ་ནང་གི་ དངུལ་ཁང་ལུ་ ཞབས་ཏོག་གི་འཐུས་དུམ་གྲ་རེ་ སྤྲོད་དགོཔ་ཨིན་པས།
སྤྱི་འཛིན་གྱིས་ བཤད་མིའི་ནང་ དངུལ་ཁང་ཚུ་གིས་ ཞབས་ཏོག་སྤྱོད་མི་ཚུ་ལུ་ སྐྱེད་ལེགས་ཤོམ་སྤྲོད་ནིའི་ལམ་ལུགས་ཚུ་ གཞི་བཙུགས་འབད་དེ་འདུག་ཟེར་ཨིནམ་ད་ སྤྱི་ཟླ་༡༠ པ་ལས་འགོ་བཙུགས་ འབྲུག་རྒྱལ་ཡོངས་དངུལ་ཁང་གིས་ ཨཱསི་ཊེ་ལི་ཡའི་ཌོ་ལར་གྱི་ སྐྱེད་བརྒྱ་ཆ་༠.༢༥ འབད་མི་དེ་ བརྒྱ་ཆ་༢ ལུ་ ཡར་སེང་འབད་ནི་ཨིན་མི་དེ་ རྒྱལ་ཁབ་ནང་འཁོད་ལུ་ཡོད་མི་ དངུལ་ཁང་ཚུའི་གྲས་ལས་ མཐོ་ཤོས་ཨིན་པས།
འབྲུག་གི་དངུལ་ཁང་གིས་ཡང་ ཕྱི་དངུལ་ཚུ་ལུ་ སྐྱེད་མཐོ་ཤོས་བརྒྱ་ཆ་༠.༢༥ ལས་ མི་སྤྲོད་དོ་ཡོདཔ་ད་ རྩིས་ཁྲ་བཟོ་བའི་ཤུལ་ལས་ རྒྱལ་སྤྱི་ནང་ ལག་ལེན་འཐབ་བཏུབ་པའི་ ཀཱཌ་བཟོ་མི་དེ་ཡང་ རྒྱལ་སྤྱི་ནང་ ལག་ལེན་འཐབ་བཏུབ་ནི་ཨིན་པས།
སྤྱི་འཛིན་གྱིས་ བཤད་མིའི་ནང་ ཞབས་ཏོག་དེ་གིས་ སྐྱིན་འགྲུལ་ལེན་ཡོད་མི་ཚུ་ཡང་ ལོག་བཏབ་ཚུགས་པའི་ ཞབས་ཏོག་ཡོད་པའི་ཁར་ འཕྲལ་ཁམས་ཅིག་ཁར་ ལས་གཡོག་ལྷན་ཁག་གིས་ ན་གཞོན་ཚུ་ ཕྱིའི་རྒྱལ་ཁབ་ཚུ་ནང་ དཔེ་ཆ་ལྷབ་པར་འགྱོ་ནིའི་དོན་ལུ་ སྐྱིན་འགྲུལ་བྱིན་མི་དེ་གིས་ཡང་ ཞབས་ཏོག་སྤྱོད་མིའི་གྱངས་ཁ་ ཡར་སེང་འགྱོ་ནི་ཨིན་པས།
ཡུ་ཨེསི་ཌོ་ལར་གྱི་རྩིས་ཁྲ་འཆང་མི་༦༡༣ ཡོདཔ་ད་ ཨཱསི་ཊེ་ལི་ཡའི་ཌོ་ལར་འཆང་མིའི་ རྩིས་ཁྲ་ཡོད་མི་༡༤༡ དེ་ལས་ ཡུ་རོའི་རྩིས་ཁྲ་འཆང་མི་༨༨ ཡོདཔ་ཨིན་པས།
འབྲུག་གི་རྒྱལ་དངུལ་ཁང་ནང་ ཕྱིའི་རྩིས་ཁྲ་འཆང་མི་༦༩༣ ཡོད་པའི་ཁར་ འབྲུག་རྒྱལ་ཡོངས་དངུལ་ཁང་ནང་༡༢༡ འབྲུག་པཱན་ཇབ་དངུལ་ཁང་ནང་༢༡ དེ་ལས་ བཀྲིས་དངུལ་ཁང་ནང་༡༤ ཡོདཔ་ཨིན་པའི་གནས་ཚུལ།
བཀྲིས་བསྟན་འཛིན།