༉ འབྲུག་རྒྱལ་ཁབ་ནང་ ལཱ་གཡོག་དང་འབྲེལ་བའི་ དཀའ་ངལ་སེལ་ཐབས་ལུ་ གཞུང་གིས་ ཕྱིའི་རྒྱལ་ཁབ་ཚུ་ནང་ འབྲུག་པའི་ན་གཞོན་ཚུ་ ལཱ་འབད་བར་ གཏང་ཐབས་ལུ་ ཕྱི་རྒྱལ་ལཱ་གཡོག་ལས་སྡེ་ལེ་ཤ་ཅིག་ལུ་ ཆོག་ཐམ་སྤྲོད་དེ་ཡོདཔ་ཨིན།
དེ་ཡང་ ལས་གཡོག་ལྷན་ཁག་གི་ འགོ་འདྲེན་ཐོག་ལས་ ཕྱི་རྒྱལ་ལཱ་གཡོག་ལས་སྡེ་ཚུ་བརྒྱུད་དེ་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་དང་ སློབ་རིམ་༡༢ པ་མཇུག་བསྡུ་མི་ ན་གཞོན་༤,༠༠༠ དེ་ཅིག་ ཕྱིའི་རྒྱལ་ཁབ་ཚུ་ནང་ ལཱ་འབད་བར་ བཏང་ཡོད་མི་དེ་ རྒྱལ་ཁབ་ཀྱི་དོན་ལུ་ ལེགས་ཤོམ་ཅིག་ཨིན་མས།
ག་འཆརཔ་ཟེར་བ་ཅིན་ ཕྱི་རྒྱལ་ལུ་ ལཱ་ག་ཅི་བཟུམ་ འབད་དགོཔ་བྱུང་རུང་ ང་བཅས་ཀྱི་ ན་གཞོན་ཚུ་ འདུ་འཛི་ཅན་སྦེ་ བཞགཔ་མ་ཚད་ རྒྱལ་ཁབ་ནང་ ཏི་རུ་བཏང་ཚུགས་མི་དེ་གིས་ ཕམ་སྤུན་ཆ་དང་ དཔལ་འབྱོར་ལུ་ ཁེ་ཕན་བྱུང་སྟེ་ཡོདཔ་ད་ ད་ཚུན་གྱི་བར་ན་ ཕྱི་རྒྱལ་ལུ་ ལཱ་འབད་མི་ཚུ་གིས་ ཡུ་ཨེསི་ཌོ་ལར་ས་ཡ་༡.༡༦ དེ་ཅིག་ འབྲུག་ལུ་ བསྐྱལ་ཡོདཔ་ལས་ ཕྱི་དངུལ་ཟུར་གསོག་ལུ་ཡང་ ཕན་ཁྱད་བྱུང་སྟེ་ཡོདཔ་ཨིན།
དེ་འབདཝ་ད་ ན་གཞོན་ལེ་ཤ་ཅིག་ལུ་ ཕན་ཐོགས་བྱུང་ཡོད་རུང་ ཕྱི་རྒྱལ་ལཱ་གཡོག་ལས་སྡེ་དང་ ཤེས་རིག་གྲོས་སྟོན་ལས་སྡེ་ལེ་ཤ་ཅིག་གིས་ འབྱིད་སྐོར་རྐྱབ་སྟེ་ མ་དངུལ་ས་ཡ་ལས་བཅད་དེ་ ལྐོག་ཟ་འབད་མི་ཡང་ ལེ་ཤ་ཐོནམ་ཨིན་མས།
འཕྲལ་ཁམས་ཅིག་ཁར་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ ལས་གཡོག་ལྷན་ཁག་ལུ་ རྩིས་ཞིབ་འབདཝ་ད་ ལྷན་ཁག་གིས་ གནང་བ་བྱིན་མི་ གཏན་བཞུགས་ཕྱི་རྒྱལ་ལཱ་གཡོག་ལས་སྡེ་གིས་ འབྲུག་མི་༣༩ ཕྱིའི་རྒྱལ་ཁབ་ནང་ ལཱ་གཡོག་བྱིན་ནི་སྦེ་ མགུ་སྐོར་རྐྱབ་ཐོག་ལས་ འཐུས་དངུལ་ཀྲམ་ས་ཡ་༧.༥༤༨ བསྡུ་ལེན་འབད་མི་དེ་ ཉམས་རྒུདཔ་ཚུ་གིས་ ད་ལྟོའི་བར་ན་ཡང་ ལོག་མ་ཐོབ་པར་ཡོད་པའི་ མངོན་གསལ་བྱུང་ནུག།
ལས་སྡེ་དེ་གིས་ འབྲུག་མི་ཚུ་ སིངྒ་པུར་དང་ ལྷོ་ཀོ་རི་ཡ་ དེ་ལས་ མ་ཀའུ་རྒྱལ་ཁབ་ཚུ་ནང་ ལཱ་འབད་བར་ བཏང་པའི་ཤུལ་ལས་ ལཱ་གཡོག་མ་ཐོབ་པའི་ཁར་ སྡོད་ས་ཡང་མེདཔ་ལས་ ལོག་རྒྱལ་ཁབ་ནང་ འོང་དགོཔ་ཐོན་ནུག།
ཉམས་རྒུདཔ་ཚུ་གིས་ ཁོང་ལུ་ མགུ་སྐོར་རྐྱབ་ཡོདཔ་ ཧ་གོ་བའི་ཤུལ་ལས་ ལས་གཡོག་ལྷན་ཁག་ལུ་ ཉོགས་བཤད་བཀོད་ཡོད་རུང་ ལྷན་ཁག་གིས་ ལས་སྡེའི་ཇོ་བདག་དེ་ ད་ལྟོའི་བར་ན་ཡང་ འཚོལ་མ་ཐོབ་པར་ཡོདཔ་ལས་ རྩིས་ཞིབ་དབང་འཛིན་གྱིས་ ལས་གཡོག་ལྷན་ཁག་ལུ་ འགན་འཁྲི་བཀལ་ནུག།
དེ་བཟུམ་སྦེ་ ཤེས་རིག་ལྷན་ཁག་གིས་ གནང་བ་སྤྲོད་དེ་ཡོད་མི་ གྲུབ་ཐོབ་ཤེས་རིག་གྲོས་སྟོན་དང་ གཡོག་གན་ཚོང་སྡེ་གིས་ཡང་ འབྲུག་མི་ན་གཞོན་༢༣ མ་ལ་ཤི་ཡ་ལུ་ མཐོ་རིམ་ཤེས་ཡོན་སྦྱང་པར་ གཏང་ནི་སྦེ་ མི་རེ་ལས་ འཐུས་དངུལ་ཀྲམ་༢༨༠,༠༠༠ རེ་ ལེན་པའི་ཤུལ་ལས་ ལས་སྡེའི་ཇོ་བདག་དེ་ གར་སོང་མེད་པར་ བྱང་ཡོདཔ་ཨིན་མས།
མ་གཞི་ ན་གཞོན་༢༣ ལྟ་བཤལ་པའི་ སྐྱོད་ཐམ་ཐོག་ མ་ལ་ཤི་ཡ་ལུ་ འགྱོ་ཚུགས་ཡོད་རུང་ སྐྱོད་ཐམ་གྱི་ དུས་ཚོད་རྫོགས་སོཔ་ལས་ མི་༥ རྒྱལ་ཁབ་ནང་ ལོག་འོང་ཡོདཔ་ད་ གཞན་དེ་ཚུ་ མ་ལ་ཤི་ཡ་ལུ་ དཀའ་སྡུག་ཐོག་ སྡོད་ཡོད་པའི་ ལོ་རྒྱུས་འདུག།
ལས་སྡེ་དེ་གཉིས་རྐྱངམ་གཅིག་གིས་མ་དོ་བར་ ལས་སྡེ་གཞན་ཚུ་གིས་ཡང་ མགུ་སྐོར་རྐྱབ་སྟེ་ ཕམ་ཉམ་ལེ་ཤ་ཅིག་རང་ བུ་ལོན་འོག་ལུ་ ཚུད་ཡོདཔ་མ་ཚད་ ལཱ་གཡོག་འཚོལ་མི་ཚུ་ཡང་ ག་ཅི་ཡང་ འབད་མ་ཤེས་པར་ མགུ་འཐོམ་སྟེ་ཡོདཔ་ལས་ ང་བཅས་ཀྱི་ ཉེས་མེད་ན་གཞོན་ཚུ་ལུ་ ཚུལ་མིན་དང་ མགུ་སྐོར་རྐྱབ་ནི་ཚུ་ལས་ བཀག་ཐབས་ལུ་ གཞུང་གིས་ འདི་བཟུམ་མའི་ ལས་སྡེ་ཚུ་ བསྐྱར་ཞིབ་འབད་དགོཔ་འདུག་ཟེར་ ཞུ་ནི་ཨིན།
Check Also
ཕྱི་ཁར་འགྱོ་མི་ འབྲུག་མི་ཚུ་གི་དོན་ལུ་ སྤྱིར་བཏང་གོ་བརྡའི་ལས་རིམ།
༉ ད་ལྟོ་ གནད་དོན་ཚུ་ཁ་གསལ་སྦེ་ མ་ཤེས་ཏེ་འབད་རུང་ འབྲུག་མི་ལེ་ཤ་ཅིག་ར་ ཨཱསི་ཊེ་ལི་ཡ་ལུ་ སྣུམ་འཁོར་ཐུག་རྐྱེན་ལུ་བརྟེན་པའི་ ཤི་རྐྱེན་བྱུང་བའི་ཁར་ ལཱ་ཁག་རྐྱབ་དོ་ཡོད་པའི་ ལོ་རྒྱུས་ཚུ་གོ་མི་དེ་ རྒྱལ་ཡོངས་ལུ་ ཚ་གྱང་ཆེ་བའི་ གནད་དོན་ཅིག་ཨིནམ་ལས་ སེལ་ཐབས་འབད་དགོཔ་འདུག། འབྲུག་མི་ཚུ་གིས་ …