ཕྱི་རྒྱལ་ལཱ་གཡོག་ལས་སྡེ་ཚུ་ བརྟག་ཞིབ་དང་ ལྟ་རྟོག་འབད་དགོཔ།

༉ འབྲུག་མི་ཚུ་ གལ་སྲིད་ དབུས་ཤར་རྒྱལ་ཁབ་ལུ་ ལཱ་འབད་བར་ གཏང་དགོ་པ་ཅིན་ ལས་གཡོག་ལྷན་ཁག་གིས་ སྔ་གོང་ལས་ར་ ལས་སྡེ་ཚུ་གིས་ ལཱ་གི་གོ་སྐབས་བྱིན་མི་ཚུ་ ལེགས་ཤོམ་སྦེ་ བརྟག་ཞིབ་འབད་དགོ་པའི་ཁར་ ལས་སྡེ་དེ་ དམ་དམ་སྦེ་ར་ ལྟ་རྟོག་ཐོག་ལུ་ བཞག་དགོཔ་འདུག་ཟེར་ཨིན་པས།
དེ་ཡང་ ན་ཧིང་ སྤྱི་ཟླ་༡༠ པའི་ཚེས་༣ ལས་༢༡ བར་ན་ ལས་གཡོག་ལྷན་ཁག་གི་ འགོ་དཔོན་སྡེ་ཚན་ཅིག་ དབུས་ཤར་རྒྱལ་ཁབ་ནང་ འབྲུག་པའི་ན་གཞོན་ཚུ་ ལཱ་འབད་སའི་ ས་ཁོངས་ནང་ ལྟ་རྟོག་འབད་བར་སོང་བའི་སྐབས་ ན་གཞོན་ཚུ་གིས་ བསམ་འཆར་བཀོད་ཡོདཔ་ཨིན་པས།
དེ་མ་ཚད་ ན་གཞོན་ཚུ་གིས་ ལས་གཡོག་ལྷན་ཁག་ལུ་ ཡར་འཕེལ་ཕྱི་རྒྱལ་ལཱ་གཡོག་ལས་སྡེ་གིས་ དབུས་ཤར་རྒྱལ་ཁབ་ནང་ ན་གཞོན་༣༢ ཁྲིམས་འགལ་ཐོག་ལས་བཏང་མི་ གནད་དོན་ཡང་ བལྟ་དགོ་པའི་ ཞུ་བ་འབད་མི་དེ་ཡང་ ཁོང་རའི་ ལཱ་གི་གནས་སྟངས་དེ་ ལེགས་ཤོམ་མེད་མི་ལུ་བརྟེན་ཨིན་པས།
ཨིན་རུང་ འགོ་དཔོན་ཚུ་གིས་ ན་གཞོན་རེ་རེ་བཞིན་དུ་ལུ་ བརྒྱུད་འཕྲིན་བཏང་རུང་ ན་གཞོན་ཕུད་རྡོག་༡ གིས་ཡང་ ཞལ་འཛོམས་ནང་ བཅའ་མར་གཏོགས་པར་ འོང་མ་བཏུབ་པས།
དེ་བཟུམ་སྦེ་ ན་གཞོན་ཚུ་གིས་ དབུས་ཤར་རྒྱལ་ཁབ་དང་ འབྲུག་གི་བར་ན་ མཐུན་ལམ་བཟོ་ཐོག་ལས་ ལཱ་གི་གནས་སྟངས་ ལེགས་ཤོམ་བཟོ་དགོ་པའི་ རྒྱབ་སྣོན་འབད་ཡོདཔ་བཞིན་དུ་ འབྲུག་མི་ཚུ་གི་དོན་ལུ་ དུ་བྱ་པོ་ལུ་ ལཱ་གི་གོ་སྐབས་ ལེ་ཤ་ཡོད་པའི་ སླབ་ཡོདཔ་ཨིན་པས།
ལས་གཡོག་ལྷན་ཁག་གི་ འགོ་དཔོན་ཚུ་གིས་ བཤད་མིའི་ནང་ ཡར་འཕེལ་ཕྱི་རྒྱལ་ལཱ་གཡོག་ལས་སྡེ་གིས་ ན་གཞོན་༣༢ དེ་ཅིག་ དབུས་ཤར་རྒྱལ་ཁབ་ལུ་ ཁྲིམས་འགལ་ཐོག་ལུ་ ལཱ་འབད་བར་བཏང་མི་ལུ་བརྟེན་ ལས་སྡེ་དེ་གི་ ཆོག་ཐམ་དེ་ ཆ་མེད་བཏང་ཡི་ཟེར་ཨིན་པས།
དེ་མ་ཚད་ འགོ་དཔོན་ཚུ་ དབུས་ཤར་ལུ་ ལྟ་རྟོག་འབད་བར་ སོང་བའི་ཤུལ་ལས་ རྒྱལ་སྤྱིའི་ལས་སྡེ་དང་འབྲེལ་བ་འཐབ་སྟེ་ གནད་དོན་དེའི་སྐོར་ལས་ ཁ་གསལ་ལེན་པའི་སྐབས་ བུམོ་ཅིག་གིས་ ཆ་རོགས་གཞན་ཚུ་ལུ་ རྒྱུད་སྐུལ་འབད་དེ་ ཉོགས་བཤད་བཀོད་ཡོད་པའི་ ཤེས་རྟོགས་བྱུང་ཡི་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
འབྲུག་མི་མང་ཤོས་ཅིག་ ཤ་ཀབ་ཨ་བི་ལ་བཞེས་སྒོ་སྐྱེལ་དྲང་ཞབས་ཏོག་ནང་ ལཱ་འབད་ཡོད་རུང་ ག་ར་རྒྱལ་ཁབ་ནང་ ལོག་འོང་ཡོདཔ་ད་ རྒྱལ་སྤྱིའི་ལས་སྡེ་གིས་ དབུས་ཤར་གྱི་ལས་སྡེ་སོ་སོ་ ཧོ་ལི་ཌེ་ཨིན་དང་ མུ་བཱན་པིཐ་ཟ་ཁང་ དེ་ལས་ སུལ་ཏཱན་ལྟེ་བ་ནང་ བཙུགས་ཅི་ཟེར་ ལས་གཡོག་ལྷན་ཁག་གིས་ བསྡུ་སྒྲིག་འབད་བའི་ སྙན་ཞུ་ནང་བཀོད་ནུག།
སྡེ་ཚན་དེ་གིས་ ཨེ་པཱལ་བིས་ལས་སྡེ་ནང་ ལྟ་རྟོག་འབད་བའི་སྐབས་ ན་གཞོན་བུཚ་ཅིག་གིས་ ལས་སྡེ་དང་གཅིག་ཁར་ ཉིནམ་རེ་ལུ་ དུས་ཡུན་ཆུ་ཚོད་༨ རྐྱངམ་གཅིག་འབད་དགོཔ་སྦེ་ གན་ཡིག་བཟོ་ཡོད་རུང་ ཆུ་ཚོད་༡༠ དེ་རེ་ འབད་དགོཔ་ཐོན་ཡོད་པའི་ ཉོགས་བཤད་བཀོད་ནུག།
ལས་སྡེ་དེ་ནང་ ན་གཞོན་ཚུ་ཡང་ འབྲུག་རྒྱལ་སྤྱིའི་མགྲོན་སྐྱོང་སློབ་གྲྭ་གིས་ བཏང་ཡོདཔ་བཞིན་དུ་ ན་གཞོན་དེ་གིས་ ཨེ་པཱལ་བིས་ལས་སྡེ་ནང་ ཉིནམ་༥ འབད་བའི་ཤུལ་ལས་ ལོག་རྒྱལ་ཁབ་ནང་འོང་ནུག་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
གནད་དོན་དེའི་ཐད་ཁར་ ལས་གཡོག་ལྷན་ཁག་གིས་ ལས་སྡེ་དང་གཅིག་ཁར་ གྲོས་བསྟུན་འབད་དེ་ ལས་སྡེ་ཡང་ ཀ་ཊར་ལུ་སོང་ཞིནམ་ལས་ ན་གཞོན་ཚུ་གི་ དཀའ་ངལ་ཚུ་ སེལ་ཡོདཔ་བཞིན་དུ་ རྒྱལ་ཁབ་ནང་ ལོག་འོང་མི་ ན་གཞོན་ཚུ་ཡང་ ལས་སྡེ་ཁག་གི་ ལས་རིམ་འོག་ལུ་ ལས་སྡེ་གཞན་ཚུ་ནང་ བཙུགས་ཡོདཔ་ཨིན་པས།
ལས་གཡོག་ལྷན་ཁག་གི་ འགོ་དཔོན་ཚུ་ དབུས་ཤར་རྒྱལ་ཁབ་ནང་ ལྟ་རྟོག་འབད་བར་ སོང་མི་དེ་ཡང་ ན་གཞོན་ཚུ་གི་ ལཱ་གི་གནས་སྟངས་དང་ ལཱ་འབད་ཐངས་ལམ་ལུགས་ ཧ་གོ་ཐབས་དང་ དཀའ་ངལ་ཚུ་ ལྟ་རྟོག་འབད་ནི་ དེ་ལས་ རྒྱལ་སྤྱིའི་ལཱ་གཡོག་ལས་རིམ་གྱི་ བསམ་འཆར་བསྡུ་ལེན་འབད་བར་ཨིན་ཟེར་ སྙན་ཞུ་ནང་ བཀོད་ནུག།
སྡེ་ཚན་དེ་གིས་ དབུས་ཤར་རྒྱལ་ཁབ་ཀྱི་ ལུང་ཕྱོགས་མདོ་ཆེན་ཡང་ ཕྱད་ཡོདཔ་ད་ ཨེམ་ཨེཆ་ ཨཱལ་ཤ་ཡ་ལས་སྡེ་ནང་ འབྲུག་མི་༨༠༠ དེ་ཅིག་ སིལ་ཚོང་གི་ ལཱ་འབད་དེ་ཡོདཔ་ད་ མདོ་ཆེན་དང་ ལུང་ཕྱོགས་འཛིན་སྐྱོང་པ་གིས་ འབྲུག་མི་ཚུ་དང་ ལཱ་འབད་ནི་ ཉམས་མྱོང་ཐོབ་ཡོད་པའི་ བསམ་འཆར་བརྗེ་སོར་འབད་བའི་ཁར་ མ་འོངས་པ་ལུ་ ལས་སྡེའི་དགོས་མཁོ་དང་འཁྲིལ་ཏེ་ འབྲུག་པའི་ན་གཞོན་ཚུ་ ལེན་ནིའི་སྐོར་ལས་ཡང་ བཤད་ཡོདཔ་ཨིན་པས།
སྙན་ཞུ་ནང་ བཀོད་མིའི་ནང་ འགོ་དཔོན་ཚུ་ལུ་ དབུས་ཤར་རྒྱལ་ཁབ་ཚུ་ནང་ ལཱ་འབད་མི་ཚུ་གིས་ བསམ་ལན་ལེགས་ཤོམ་སྦེ་ བཤད་མི་དེ་ཡང་ ལས་སྡེ་ནང་ ལཱ་འབད་མི་ལུ་བརྟེན་ ཡོན་ཏན་གསརཔ་དང་ ཉམས་མྱོང་ཐོབ་ཚུགས་ཅི་ཟེར་ སླབ་ཡོདཔ་ཨིན་པས།
ལས་གཡོག་ལྷན་ཁག་དང་ རྒྱལ་སྤྱིའི་ལཱ་གཡོག་ལས་སྡེ་གིས་ སྤྱི་ལོ་༢༠༡༤ དང་༢༠༡༧ ཟླཝ་༡༠ པ་ཚུན་ འབྲུག་པའི་ན་གཞོན་༡,༧༠༠ དེ་ཅིག་ དབུས་ཤར་རྒྱལ་ཁབ་ནང་ ལཱ་འབད་བར་བཏང་ཡོདཔ་བཞིན་དུ་ ན་གཞོན་གྱིས་ ཟ་ཁང་དང་ སིལ་ཚོང་ནང་ལས་ཕར་ ལཱ་འབད་དོ་ཡོདཔ་ད་ ན་གཞོན་ལ་ལོ་ཅིག་ ཁོང་རང་གིས་ ལཱ་གཡོག་འཚོལ་ཐོབ་མི་ ལས་སྡེ་ཚུ་ནང་ ལཱ་འབད་དོ་ཡོདཔ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

བདེ་ཆེན་གླིང་ལུ་ གླངམོ་ཆེ་དང་འབྲེལ་བའི་དཀའ་ངལ།

༉ པདྨ་དགའ་ཚལ་ བདེ་ཆེན་གླིང་མཁོ་ལོམ་རི་དང་ དགོན་པ་འུང་སྤྱི་འོག་༢ ནང་ གླངམོ་ཆེ་དང་འབྲེལ་བའི་ གནོད་ཉེན་དེ་ ཆེ་སུ་ཅིག་སྦེ་ཐོན་ཡོདཔ་ལས་ ས་གནས་ཀྱི་མི་སེར་ཚུ་ ཚ་གྱང་ལང་སྟེ་ ཡོདཔ་ཨིན་པས། མ་གཞི་ ནགས་ཚལ་འགོ་དཔོན་དང་ གཡུས་ཁའི་མི་ཚུ་གིས་ གླངམོ་ཆེ་ཚུ་ …

Leave a Reply

Your email address will not be published. Required fields are marked *