མདའ་རྩེད་འགྲན་བསྡུར་བལྟ་ནི་ལུ་ སྤྲོ་བ་བསྐྱེད་མི་ ཕྱི་ཁའི་ལྟ་བཤལཔ་ཚུ།

ཕྱི་རྒྱལ་མདའ་གཞུའི་ཐོག་ལས་ ཁྲི་མངའ་གསོལ་གྱི་ མདའ་རྩེད་འགྲན་བསྡུར་འབད་དོ་ཡོདཔ།

༉ ཐིམ་ཕུག་ལྕང་གླིང་མི་ཐང་གི་ འབའ་སྐྱོར་ཐང་ནང་སྦེ་ ཕྱི་རྒྱལ་གྱི་ མདའ་གཞུའི་ཐོག་ལས་ ཁྲི་མངའ་གསོལ་གྱི་ མདའ་རྩེད་འགྲན་བསྡུར་འབད་བའི་བསྒང་འདུག།
ཁ་ཙ་ ལྟག་གི་འབའ་སྐྱོར་ནང་ དགོན་པ་༡༣ དང་ ཤེལ་དཀར་བྲག་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབདཝ་ད་ ཤེལ་དཀར་བྲག་གིས་ སྐོར་ཐེངས་༥ པའི་ནང་ སྐུགས་༢ ཆོད་དེ་ བྱང་ཕྱད་སྡེ་ཚན་ ཕམ་བཏང་ཡོདཔ་བཞིན་དུ་ སྐུགས་༡ ཡང་ འཐོབ་མ་ཚུགས།
ཨིན་རུང་ འོག་གི་འབའ་སྐྱོར་ནང་ ཀ་ལ་པིང་ཀ་གིས་ སྐོར་ཐེངས་༨ པའི་ནང་ སྐུགས་དང་པ་ཆོད་པའི་སྐབས་ འཇིགས་གསལ་སྡེ་ཚན་གྱིས་ སྐུགས་༤ ཐོབ་ཡོདཔ་ད་ སྐུགས་༢ པ་ཆོད་ནིའི་དོན་ལུ་ ཕྱི་རུའི་ཆུ་ཚོད་༥ ཚུན་ དོ་ འགྲན་འབདཝ་ད་ འཇིགས་གསལ་གྱིས་ སྐུགས་༡༠ དང་ ཀ་ལ་པིངྐ་གིས་ སྐུགས་༧ ཐོབ་ཡོདཔ་ལས་ ད་རིས་ འཕྲོ་མཐུད་རྩེད་འགྲན་འབད་ནི་ཨིན་པས།
དུས་ཅི་གི་ ཁྲི་མངའ་གསོལ་མདའ་རྩེད་འགྲན་བསྡུར་ནང་ སྡེ་ཚན་༡༥ གིས་ བཅའ་མར་གཏོགས་ཡོདཔ་ལས་ དབྱེ་ཁག་ཀ་པའི་ནང་ སྡེ་ཚན་༨ དང་ དབྱེ་ཁག་༢ པའི་ནང་ སྡེ་ཚན་༧ འདུག།
རྩེད་འགྲན་དེ་ཡང་ སྤྱི་ཟླ་༩ པའི་ཚེས་༢༠ ལས་ འགོ་བཙུགས་ཡོདཔ་ད་ ད་ལྟོ་ཚུན་ དབྱེ་ཁག་ཀ་པ་ལས་ ར་བྲག་ཕུན་སུམ་སྡེ་ཚན་གྱིས་ དུས་རབས་༢༡ པ་ ཕམ་བཏང་ཡོདཔ་བཞིན་དུ་ ཨིནསི་ཊཱལ་གྱིས་ གི་རི་ནི་སྡེ་ཚན་ལས་ རྒྱལ་ཁ་ཐོབ་ཅི།
དེ་བཟུམ་སྦེ་ དབྱེ་ཁག་ཁ་པའི་ནང་ སྟག་ཤར་༡༡ དང་ ཨེསི་ཌབ་ལུ་ཌི་ཌི་༢ རྩེད་འགྲན་འབདཝ་ད་ ཨེསི་ ཌབ་ལུ་ཌི་ཌི་གིས་ རྒྱལ་ཁ་ཐོབ་ཡོདཔ་ད་ མུག་སཱན་གྱིས་ འབྲུག་རྒྱང་བསྒྲགས་སྡེ་ཚན་ལས་ རྒྱལ་ཁ་ཐོབ་ཅི།
ནངས་པར་ དབྱེ་ཁག་ཀ་པ་ལས་ བྷུ་ཊཱན་ཨེསི་ཊིམ་དང་ ཝི་བྲངསུ་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབད་ནི་ ཨིནམ་ད་ སྤྱི་ཟླ་༩ པའི་ཚེས་༣༠ ལས་ ཀོ་ཊར་ཕའེ་ནཱལ་རྩེད་འགྲན་འབད་ནི་ཨིནམ་མ་ཚད་ སྤྱི་ཟླ་༡༠ པའི་ ཚེས་༥ དང་༦ ལུ་ མཐའ་བཅད་འོག་མའི་རྩེད་འགྲན་འབད་ནི་ དེ་ལས་ སྤྱི་ཟླ་༡༠ ཚེས་༡༠ དང་༡༡ ལུ་ མཐའ་བཅད་འགོ་འདྲེན་འཐབ་ནི་ཨིན་པས།
ཕྱི་རྒྱལ་མདའ་གཞུའི་ཐོག་གི་ མདའ་རྩེད་འགྲན་བསྡུར་དེ་ ལོ་བསྟར་བཞིན་དུ་ འབྲུག་རང་ལུགས་མདའ་རྩེད་ཚོགས་པ་གིས་ འགོ་འདྲེན་འཐབ་དོ་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *