ད་ལྟོ་སྒེར་གྱི་ཁྱིམ་གླ་ཁར་ལེན་ཏེ་ ལག་ལེན་འཐབ་མི་ ཚོགས་འདུའི་འཐུས་མི་ཚུ་གི་ཡིག་ཚང་།

ཕྱི་འབྲེལ་ལྷན་ཁག་གི་ཡིག་ཚང་ འཆར་གཞི་༡༢ པའི་ནང་ སྤོ་བཤུད་འབད་ནི།

༉ རྒྱལ་ཡོངས་ཚོགས་འདུའི་ ཚོགས་དཔོན་འཇིགས་མེད་བཟང་པོ་གིས་ ཕྱི་འབྲེལ་ལྷན་ཁག་དང་ བློན་ཆེན་གྱི་ཡིག་ཚང་༢ ས་གནས་གཞན་ཁར་ སྤོ་བཤུད་འབད་དགོ་ཟེར་ སླབ་མི་དེ་ཡང་ སྤྱི་ཚོགས་ཀྱི་འཐུས་མི་ཚུ་ རྒྱལ་ཡོངས་ཚོགས་འདུའི་ སྒྲིང་ཁྱིམ་ནང་ སྤོ་བཤུད་འབད་བཅུག་ནིའི་དོན་ལུ་ཨིན་པས།
ད་ལྟོ་ འཐུས་མི་ཚུ་གི་ ཡིག་ཚང་ཚུ་ གླང་རྒྱུག་ཕར་ཁར་ལུ་ཡོད་པའི་ སྒྲིང་ཁྱིམ་ཐོག་ཚད་༢ འབད་མིའི་ནང་ གཞི་བཙུགས་འབད་དེ་ཡོདཔ་ད་ ཚོགས་དཔོན་གྱིས་ བཤད་མིའི་ནང་ གལ་སྲིད་འཐུས་མི་ཚུ་གི་ ཡིག་ཚང་ཚུ་ ཚོགས་འདུའི་སྒྲིང་ཁྱིམ་ནང་ སྤོ་བཤུད་འབད་བ་ཅིན་ ཚོགས་འདུའི་དྲུང་ཆེན་ཡིག་ཚང་དང་གཅིག་ཁར་ ལཱ་འབད་རུང་ སྟབས་བདེ་ནི་མས་ཟེར་ཨིན་པས།
ཚོགས་དཔོན་གྱིས་འབད་བ་ཅིན་ ད་ལྟོ་ རྒྱལ་ཡོངས་ཚོགས་འདུའི་ སྒྲིང་ཁྱིམ་དེ་ འཐུས་མི་ཚུ་གི་ཨིནམ་ལས་ ཁོང་ཆ་ཁྱབ་ སྤོ་བཤུད་འབད་དགོ་ཟེར་ཨིནམ་ད་ བློན་ཆེན་ཡིག་ཚང་དང་ ཕྱི་འབྲེལ་ལྷན་ཁག་གི་ ཡིག་ཚང་༢ པོ་དེ་ ཧེ་མ་ལས་ར་ ས་གོ་གཞན་ཁར་ ངོས་འཛིན་འབད་དགོ་པའི་ཁར་ ཡིག་ཚང་ཚུ་ཡང་ ལོགས་སུ་སྦེ་ བཟོ་སྐྲུན་འབད་དགོཔ་ཅིག་ ཨིན་ཟེར་ཨིན་པས།
མོང་སྒར་འདེམས་ཁོངས་ཀྱི་འཐུས་མི་ ཚོགས་དཔོན་འཇིགས་མེད་བཟང་པོ་གིས་ བཤད་མིའི་ནང་ ཁོ་ར་ ཚོགས་དཔོན་སྦེ་ བསྐོ་བཞག་འབད་བའི་ཉིནམ་ལས་ བློན་ཆེན་ཚེ་རིང་སྟོབས་རྒྱས་ལུ་ ཕྱི་འབྲེལ་ལྷན་ཁག་གི་ ཡིག་ཚང་དང་ ཁོ་རའི་ཡིག་ཚང་དེ་ ས་གནས་གཞན་ཁར་ སྤོ་བཤུད་འབད་དགོ་པའི་ ཡི་གུ་བཙུགས་ཅི་ཟེར་ཨིན་པས།
ཨིན་རུང་ ཕྱི་འབྲེལ་ལྷན་ཁག་གིས་ ཡིག་ཚང་དེ་ སྤོ་བཤུད་འབད་ནི་ལུ་ ད་ལྟོའི་བར་ན་ཡང་ ས་གོ་འཚོལ་བའི་བསྒང་འདུག་ཟེར་ཨིནམ་ད་ གལ་སྲིད་ ལྷན་ཁག་དང་ བློན་ཆེན་ཡིག་ཚང་དེ་ སྤོ་ཚུགས་པ་ཅིན་ འཐུས་མི་ག་ར་ ཚོགས་འདུའི་སྒྲིང་ཁྱིམ་ནང་ ཤོང་ཚུགས་ཟེར་ཨིན་པས།
ཚོགས་དཔོན་གྱིས འབད་བ་ཅིན་ བློན་ཆེན་དང་ ལྷན་ཁག་གི་ཡིག་ཚང་དེ་ འཆར་གཞི་༡༢ པའི་ནང་ བཟོ་སྐྲུན་འབད་ནིའི་ འཆར་གཞི་ཡོདཔ་ལས་ བློན་ཆེན་དང་ ཕྱི་འབྲེལ་ལྷན་ཁག་གི་ ཡིག་ཚང་ཚུ་ སྤོ་བཤུད་འབད་ནི་ལུ་ ད་རུང་ ལོ་དག་པ་ཅིག་ འགོར་ནི་ཨིན་པས།
འཐུས་མི་དང་ ནང་འཁོད་ཚོགས་ཆུང་ཡིག་ཚང་གི་ མཐུན་རྐྱེན་ཚུ་ ལེགས་ཤོམ་མེད་མི་ལུ་བརྟེན་ དུས་ཅི་ སྤྱི་ཟླ་༦ པའི་ནང་ ཉོགས་འཛིང་ཅིག་ཡང་ ཐོན་ཡོདཔ་བཞིན་དུ་ ཚོགས་ཆུང་གི་ འཐུས་མི་ཚུ་དང་འཁྲིལཝ་ད་ ད་རེས་ནངས་པར་ ཡིག་ཚང་གི་ ས་ཁོངས་ནང་ སྣུམ་འཁོར་བཞག་སའི་ མཐུན་རྐྱེན་མེད་མི་ལུ་བརྟེན་ དཀའ་ངལ་བྱུང་སྦོམ་སྦེ་ར་ བྱུང་སྟེ་ཡོད་ཟེར་ཨིན་པས།
འཐུས་མི་ཚུ་གི་ ཚ་གྱང་སྦོམ་ཤོས་གཅིགཔོ་དེ་ ཡིག་ཚང་ནང་ སྲུང་རྒྱབ་མེད་མི་དེ་ཨིནམ་ད་ ཁོང་གིས་འབད་བ་ཅིན་ མ་གཞི་ ད་ལྟོ་ཚུན་ སྟབས་མ་བདེཝ་མ་འཐོན་རུང་ ཉེན་སྲུང་གི་ཐད་ཁར་ སླབ་མི་ཤེས་དོ་ཡོདཔ་ལས་ གནད་དོན་དེའི་སྐོར་ལས་ རྒྱལ་ཡོངས་ཚོགས་འདུའི་ དྲུང་ཆེན་ཡིག་ཚང་ནང་ ཡང་བསྐྱར་དུ་ སྙན་ཞུ་འབད་བཞིན་དུ་ ཡོད་ཟེར་ཨིན་པས།
ད་ལྟོ་ ཁང་མིག་༡ ནང་ འཐུས་མི་༢ ཀྱི་ ཡིག་ཚང་བཙུགས་ཏེ་ཡོདཔ་ད་ གལ་སྲིད་ འཐུས་མི་གང་རུང་ཅིག་ འཕྱད་པར་འོངམ་ད་ ཁང་མིག་གི་ དཀའ་ངལ་བྱུང་མི་ལུ་བརྟེན་ འཐུས་མི་ཅིག་ ངེས་པར་དུ་ ཕྱི་ཁར་འཐོན་འགྱོ་དགོཔ་ བྱུངམ་མས་ཟེར་ཨིན་པས།
ཡོངས་ཁྱབ་དྲུང་ཆེན་ སངས་རྒྱས་འབྲུག་པ་གིས་ སླབ་མིའི་ནང་ དྲུང་ཆེན་ཡིག་ཚང་གིས ཕྱི་འབྲེལ་ལྷན་ཁག་ལུ་ ཡིག་ཚང་ཚུ་ ས་གནས་གཞན་ཁར་ སྤོ་བཤུད་འབད་ནིའི་ ཐབས་ཤེས་བཏོན་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ཨིན་པས།
ཕྱི་འབྲེལ་ལྷན་ཁག་ནང་ གལ་གནད་ཅན་གྱི་ མགྱོནམ་ཚུ་འོང་དོ་ཡོདཔ་ལས་ འོས་ལྡན་གྱི་ ཡིག་ཚང་དགོཔ་ཁག་ཆེ་ཟེར་ཨིནམ་ད་ དྲུང་ཆེན་གྱིས་འབད་བ་ཅིན་ ལྷན་ཁག་དེ་ ས་གནས་གཞན་ཁར་ སྤོ་བཤུད་འབད་བའི་ཤུལ་ལས་མ་གཏོགས་ འཐུས་མི་ཚུ་གི་ ཡིག་ཚང་ཚུ་ རྒྱལ་ཡོངས་ཚོགས་འདུའི་ སྒྲིང་ཁྱིམ་ནང་ སྤོ་བཤུད་འབདཝ་ད་ མི་ཤོང་ནི་མས་ཟེར་ཨིན་པས།
རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ལུ་ འཆར་གཞི་༡༢ པའི་ནང་ ཕྱི་འབྲེལ་ལྷན་ཁག་གི་ ཡིག་ཚང་གསརཔ་ གཞི་བཙུགས་འབད་ནིའི་དོན་ལུ་ དམིགས་བསལ་དུ་ འཆར་དངུལ་ལོགས་སུ་སྦེ་ བཞག་དགོ་པའི་ སྙན་ཞུ་འབད་ཡི་ཟེར་ ཡོངས་ཁྱབ་དྲུང་ཆེན་གྱིས་ བཤདཔ་ཨིན་པས།
ཕྱི་འབྲེལ་དྲུང་ཆེན་ བསོད་ནམས་ཚེ་དབང་གིས་ སླབ་མིའི་ནང་ ད་ལྟོ་ ལྷན་ཁག་གི་ ཡིག་ཚང་བཟོ་སྐྲུན་འབད་ནིའི་དོན་ལུ་ ས་ཆ་ཚུ་ འཚོལ་ཞིབ་འབད་བའི་བསྒང་ཡོད་ཟེར་ཨིན་པས།
ནང་འཁོད་ཚོགས་ཆུང་གི་འཐུས་མི་ བཀྲིས་གླིང་འདེམས་ཁོངས་ཀྱི་འཐུས་མི་ རི་ཏུ་རཱཇ་ ཆེ་ཏི་རི་གིས་ སླབ་མིའི་ནང་ འཐུས་མི་དང་ ཚོགས་ཆུང་གིས་ དྲུང་ཆེན་ཡིག་ཚང་ལས་ ཐབས་ལམ་ལུ་ སྒུག་སྟེ་ཡོད་ཟེར་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *