ཕྱི་འབྲེལ་དྲུང་ཆེན་གྱི་ལྟ་སྐོར་ལུ་བརྟེན་ རྒྱ་འབྲུག་གི་ མཐུན་ལམ་རྩ་བརྟན་བཟོ་ནི་ལུ་ ཕན་ཁྱད།

༉ རྒྱལ་ཁབ་ནང་ ཉིན་གྲངས་༣ གྱི་དོན་ལུ་ གཞུང་དོན་ལྟ་སྐོར་ནང་འོང་མི་ རྒྱ་གར་གྱི་ ཕྱི་འབྲེལ་དྲུང་ཆེན་ ཌོག་ཊར་ཨེསི་ ཇའི་ཤང་ཀར་གྱིས་ འབྲུག་དང་ རྒྱ་གར་རྒྱལ་ཁབ་༢ ཀྱི་བར་ནའི་མཐུན་ལམ་དེ་ ཧེ་མ་ལས་ལྷག་སྟེ་ དམ་ཟབ་བཟོ་ནི་ལུ་ ཕན་ཐོགས་བྱུང་ཡོདཔ་མ་ཚད་ རྒྱལ་ཁབ་༢ ཀྱི་བར་ན་ ཟུང་ཕྱོགས་མཐུན་འབྲེལ་ འགོ་བཙུགས་ཏེ་ ལོ་ངོ་༥༠ འཁོར་བའི་ རྗེས་དྲན་གྱི་ བརྡ་མཚོན་ཅིག་ཨིན་པས།
ཕྱི་འབྲེལ་ལྷན་ཁག་ལས་ གནས་ཚུལ་གསར་བཏོན་ཅིག་ ལྷོད་མི་དང་འཁྲིལཝ་ད་ རྒྱ་གར་གྱི་ ཕྱི་འབྲེལ་དྲུང་ཆེན་ རྒྱལ་ཁབ་ནང་སྡོད་པའི་རིང་ འབྲུག་དང་ རྒྱ་གར་རྒྱལ་ཁབ་༢ ཀྱི་བར་ན་ ཟུང་ཕྱོགས་མཐུན་འབྲེལ་ འགོ་བཙུགས་ཏེ་ སང་ཕོད་ལོ་༥༠ འཁོར་ནི་ཨིན་པའི་ གནད་དོན་ཐོག་ལུ་ རྒྱལ་ཁབ་ཀྱི་ ཆེ་མཐོའི་དཔོན་ཁག་ཚུ་དང་གཅིག་ཁར་ བསམ་འཆར་བརྗེ་སོར་འབད་ཡི་ཟེར་ཨིན་པས།
རྒྱལ་ཁབ་༢ ཀྱི་བར་ན་ ཟུང་ཕྱོགས་མཐུན་འབྲེལ་དེ་ སྤྱི་ལོ་༡༩༦༨ ལུ་ འགོ་བཙུགས་ཡོདཔ་ད་ སང་ཕོད་སྤྱི་ལོ་༢༠༡༨ ལུ་ ལོ་ངོ་༥༠ འཁོར་ནི་ཨིནམ་བཞིན་དུ་ གནས་ཚུལ་གསར་བཏོན་དང་འཁྲིལ་བ་ཅིན་ རྒྱལ་ཁབ་༢ ཀྱི་བར་ན་ ཟུང་ཕྱོགས་མཐུན་འབྲེལ་དེ་ འགོ་བཙུགས་པའི་ཤུལ་ལས་ རྒྱལ་ཁབ་༢ ཀྱི་བར་ན་ མཐུན་ལམ་དེ་ ལོ་གཅིག་བ་ལོ་གཅིག་ གོང་འཕེལ་སོང་ཡི་ཟེར་ཨིན་པས།
ཕྱི་འབྲེལ་དྲུང་ཆེན་ ཨེསི་ ཇའི་ཤང་ཀར་གྱིས་ ཟུང་ཕྱོགས་མཐུན་འབྲེལ་དང་འབྲེལ་བའི་ གནད་དོན་ཐོག་ལུ་ གྲོས་བསྟུན་འབད་ཡོདཔ་མ་ཚད་ འཆར་གཞི་༡༡ པའི་ལས་སྣ་ཚུ་ བསྐྱར་ཞིབ་ཀྱི་སྐོར་ལས་ཡང་ བསྟུན་གྲོས་ཚུ་འབད་ནུག།
སྤྱི་ཟླ་༡༠ པའི་ཚེས་༣ ལུ་ ཕྱི་འབྲེལ་དྲུང་ཆེན་ ཨེསི་ ཇའི་ཤང་ཀར་གྱིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ སྐུ་མདུན་ལུ་ བཅར་ཡོདཔ་མ་ཚད་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ཡང་ མཇལ་ཕྲད་གནང་ནུག།
དེ་མ་ཚད་ བློན་ཆེན་ཚེ་རིང་སྟོབས༌རྒྱས༌དང༌ ཕྱི་འབྲེལ་བློན་པོ་ དམ་ཆོས་རྡོ་རྗེ་ དེ་ལས་ གཞན་གཞུང་གི་ཆེ་མཐོའི་ འགོ་དཔོན་ཚུ་དང་གཅིག་ཁར་ཡང་ ཕྱད་ཡོདཔ་ཨིན་པས།
གནས་ཚུལ་གསར་བཏོན་དང་འཁྲིལ་བ་ཅིན་ རྒྱ་གར་གྱི་ ཕྱི་འབྲེལ་དྲུང་ཆེན་གྱི་ ལྟ་སྐོར་ལས་རིམ་དེ་གིས་ རྒྱལ་ཁབ་༢ ཀྱི་བར་ན་ ཧེ་མ་ལས་ ཆེ་མཐོའི་དཔོན་ཁག་ཚུ་གི་བར་ན་ དམིགས་བསལ་གྱི་ གཟིགས་སྐོར་དང་ ལྟ་སྐོར་བརྗེ་སོར་ འབད་སྲོལ་ཡོད་མི་དེ་ གོང་འཕེལ་གཏང་ནི་ལུ་ ཕན་ཐོགས་བྱུང་ཡི་ཟེར་ཨིན་པས།
ཕྱི་འབྲེལ་དྲུང་ཆེན་ ཨེསི་ ཇའི་ཤང་ཀར་དང་གཅིག་ཁར་ ཁོ་གི་གནས་ཚང་ ཀོཡོ་ཀོ་ ཇའི་ཤང་ཀར་དང་ ཕྱི་འབྲེལ་ལྷན་ཁག་གི་ མཉམ་འབྲེལ་དྲུང་ཆེན་ སུད་ཧ་ཀར་ ད་ལི་ལ་ཡང་ འོང་ཡོདཔ་ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *