བར་སྦིས་ས་དང་ ལྕང་ཟམ་ཏོག་ དེ་ལས་ ཀུན་གསལ་ཕོ་བྲང་གི་ ས་ཁོངས་ཚུ་ནང་ གཞི་བཙུགས་འབད་མི་ ལུས་སྦྱོང་མཐུན་རྐྱེན་ཚུ་ བདག་འཛིན་འབད་མི་མེད་པར་ མེདཔ་ཐལ་སོ་ནུག།

ཕྱི་ཁའི་ལུས་སྦྱོང་མཐུན་རྐྱེན་ཚུ་ གནས་སྟངས་སྐྱོ་དྲགས་ཐལ་ཡོདཔ།

༉ ཕྱི་ཁའི་ལུས་སྦྱོང་མཐུན་རྐྱེན་ཚུ་ མི་ཚུ་གི་ གཟུགས་ཁམས་འཕྲོད་བསྟེན་སྒྲིང་སྒྲི་བཞག་ནིའི་དོན་ལུ་ གཞི་བཙུགས་འབད་ཡོདཔ་ཨིན་རུང་ ད་རེས་ནངས་པར་ བདག་འཛིན་འཐབ་མི་མེད་པར་ གནས་སྟངས་སྐྱོ་སི་སི་ཅིག་ལུ་ ལྷོད་དེ་འདུག།

དེ་ཡང་ ཐིམ་ཕུག་ཁྲོམ་སྡེའི་ ནང་འཁོད་ལུ་ སྤང་ནང་ལུས་སྦྱོང་འབད་སའི་ མཐུན་རྐྱེན་༩ དེ་ཅིག་ གཞི་བཙུགས་འབད་དེ་ཡོད་རུང་ མང་ཤོས་ར་ ལག་ལེན་འཐབ་མི་བཏུབ་དོ་ཡོདཔ་ཨིན་པས།

བར་སྦིས་ས་ལུས་སྦྱོང་མཐུན་རྐྱེན་གྱི་ ས་ཁོངས་ནང་ བརྡ་བྱང་གུ་ ང་བཅས་ཀྱིས་ མཉམ་རུབ་ཐོག་ལས་ མཐུན་རྐྱེན་འདི་ ལག་ལེན་འཐབ་དགོཔ་མ་ཚད་ ལག་ལེན་འཐབ་ཚར་བའི་ཤུལ་ལུ་ བདག་འཛིན་འབད་ནི་དེ་ཡང་ ང་བཅས་རའི་ འགན་ཁུར་ཨིན་ཟེར་ གསལ་བཀོད་འབད་ནུག།

ཨིན་རུང་ ལུས་སྦྱོང་འབད་སའི་ས་ཁོངས་ནང་ མཐུན་རྐྱེན་མང་ཤོས་ར་ མེདཔ་ཐལ་ཡོདཔ་མ་ཚད་ ཆུ་འཁྱིལ་ཏེ་ཡོད་པའི་ཁར་ ཕྱགས་སྙིགས་ཀྱིས་ གང་སྟེ་ཡོདཔ་ མཐོང་གསལ་བྱུངམ་ཨིན་པས།

ལུས་སྦྱོང་ས་ཁོངས་ཀྱི་ ཉེ་འདབས་ལས་ཕར་ སྡོད་མི་ཚུ་གིས་ སླབ་མིའི་ནང་ མཐུན་རྐྱེན་ཚུ་ ཨ་ལོ་ཚུ་གིས་ར་ མེདཔ་གཏངམ་མས་ཟེར་ཨིནམ་ད་ དེ་ཡང་ མཐུན་རྐྱེན་ཚུ་གུ་ སྟབས་གཅིག་ཁར་ ཨ་ལོ་ལེ་ཤ་སྦེ་ འཛེགས་པའི་བསྒང་ལས་ ལྗིད་ཚད་ཀྱིས་ འབག་མ་ཐེག་པར་ མེདཔ་ཐལཝ་མས་ཟེར་ བཤདཔ་ཨིན་པས།

སྐྱེ་ལོ་༢༦ ལང་མི་ གཡང་སྒྲོན་གྱིས་ སླབ་མིའི་ནང་ མི་ཚུ་གིས་འབད་རུང་ གཞུང་དབང་ ཡང་ཅིན་ མི་མང་གི་ མཐུན་རྐྱེན་ཚུ་ ལེགས་ཤོམ་སྦེ་ བདག་འཛིན་འཐབ་དགོ་ཟེར་ བཤད་པའི་ཁར་ མཐུན་རྐྱེན་སྤྱོད་མི་ཚུ་གིས་ བདག་འཛིན་འཐབ་ནི་མེདཔ་ད་ སེམས་ཕམ་བྱུངམ་མས་ཟེར་ཨིན་པས།

ཐིམ་ཕུག་ལུ་སྡོད་མི་ བདེ་ཆེན་མཚོ་མོ་དེ་ ཕྱི་རུའི་ཆུ་ཚོད་༤ དེ་ཅིག་ཁར་ སངས་རྒྱས་སྒང་ལུ་ ལུས་སྦྱོང་འབད་སའི་ ས་ཁོངས་ནང་ དུས་རྒྱུན་དུ་ འགྱོ་ཐོག་ལས་ ལུས་སྦྱོང་འབད་དོ་ཡོདཔ་ཨིན་པས།

མོ་གིས་ སླབ་མིའི་ནང་ ལུས་སྦྱོང་གིས གཟུགས་ཁམས་ལེགས་ལྡན་ཐོག་ བཞག་ནི་ལུ་ ཕན་ཐོགས་བྱུངམ་མས་ཟེར་ཨིནམ་ད་ ཚོང་ལཱ་དང་ ལུས་སྦྱོང་གི་ དུས་ཚོད་འཛིན་སྐྱོང་འབད་ནི་ལུ་ གདོང་ལེན་བྱུངམ་ཨིན་རུང་ ལུས་སྦྱོང་གི་དོན་ལུ་ དུས་ཚོད་བཏོན་དོ་ཟེར་ སླབ་ཨིན་པས།

མོ་གིས་འབད་བ་ཅིན་ ལོ་ན་རྒསཔ་ད་ སྤྱིར་བཏང་གཟུགས་ཁམས་འཕྲོད་བསྟེན་ལུ་གནོདཔ་ལས་ ལུས་སྦྱོང་འབད་དེ་ གཟུགས་ཁམས་བདེ་ཏོག་ཏོ་ བཞག་པ་ཅིན་ ཕན་ཐོགས་བྱུངམ་མས་ཟེར་ཨིན་པས།

མུ་ཏིག་ཐང་ལུ་སྡོད་མི་ སུག་མ་ཡ་ཡང་ བདེ་ཆེན་མཚོ་མོ་བཟུམ་སྦེ་ ཨ་རྟག་ར་ ལུས་སྦྱོང་འབད་སའི་ ས་ཁོངས་ནང་སོང་སྟེ་ ལུས་སྦྱོང་འབད་དོ་ཡོདཔ་ད་ དེ་མིན་ ཚོང་འབྲེལ་གྱི་ ལུས་རྩལ་ཁང་ཚུ་ནང་ འགྱོ་དགོ་པ་ཅིན་ འཐུས་མཐོ་དྲགས་པའི་ཁར་ དུས་ཚོད་ཡང་ མི་ཐོབ་པས་ཟེར་ བཤདཔ་ཨིན་པས།

ལོ་བསྟར་གསོ་བའི་གནས་དེབ་༢༠༢༡ ཅན་མ་དང་འཁྲིལཝ་ད་ རྒྱལ་ཁབ་ནང་ འབུ་ནད་མེན་པའི་ ནད་གཞི་ ཐོབ་མི་དེ་ གཙོ་བོ་ར་ གཟུགས་ཁམས་འཕྲོད་བསྟེན་ལུ་ ལུས་སྦྱོང་མེད་ནི་དེ་གིས་ཨིནམ་སྦེ་ བཀོད་ཡོདཔ་ད་ འདས་པའི་ལོ་༤ དེ་ཅིག་ནང་ ཁྲ་ཤུགས་དང་ གུ་རམ་གྱི་ ནད་གཞི་གཉིས་ གསོ་བ་ལྷན་ཁག་གི་ དཀའ་ངལ་ཆེ་ཤོས་ཅིག་སྦེ་ ངོས་འཛིན་འབད་ཡོད་པའི་གནས་ཚུལ།

སྐད་སྒྱུར་ བསྟན་འཛིན་དབང་འདུས།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *