ཕྱགས་སྙིགས་རག་རོག་ཚུ་ ག་ལྷོད་བཀོག་ནི་ལས་འཛེམ་དགོཔ།

༉ འདས་པའི་བདུན་ཕྲག་ནང་ ཁྲུས་བབས་ཀྱི་ཉིནམ་ལུ་ མཛར་ཅུམ་བཟའ་བར་སོང་མི་ཚུ་གིས་ རྒྱལ་ས་ལུ་ ཡོངས་གྲགས་ཅན་གྱི་ མཛར་ཅུམ་བཟའ་སའི་ ས་ཁོངས་ལེ་ཤ་ཅིག་ནང་ ཆུ་ཤོག་དང་ དམ་སྦྱིས་ སྤུར་ཤོག་ དེ་ལས་ རུལ་མ་བཏུབ་པའི་ ཕྱགས་སྙིགས་རག་རོག་ཚུ་ ག་ལྷོད་བཀོག་བཞག་སར་ མཐོངམ་ཨིན་མས།

ས་ཁོངས་ལ་ལོ་ཅིག་ནང་ ཁས་བླངས་པ་ཚུ་གིས་ ཁྲུས་བབས་མ་རན་པའི་ཧེ་མར་ ཧིང་སངས་ས་སྦེ་ ཕྱགས་སྙིགས་ཚུ་ བསྡུ་བསྒྱོམ་འབད་ཚརཝ་ཅིག་ཨིནམ་ད་ མ་གཞི་ ཕྱགས་སྙིགས་འཛིན་སྐྱོང་འཐབ་ནི་ལུ་ ག་དེམ་ཅིག་ རྩ་འགེངས་ཏེ་འབད་རུང་ གྲུབ་འབྲས་ལེགས་འཐོན་འབྱུང་ནི་ལུ་ ལཱ་ཁག་རྐྱབ་ཨིན་མས།

ནད་ཡམས་ཀྱི་སྐབས་ ལོ་གཉིས་ལྷགཔ་ཅིག་ རྒྱལ་ཁབ་ནང་ ལྟ་བཤལཔ་ཚུ་ མ་འོང་སྟེ་འབད་རུང་ ལ་བཤལ་གྱི་ ལམ་ཚུ་བདའ་སྟེ་ ཕྱགས་སྙིགས་ཀྱི་གནས་སྟངས་དེ་ ཧེང་སྐལ་ར་ སྐྱོ་དྲགས་ཅིག་ལུ་གྱུར་ནུག།

ད་ལས་ཕར་ དུས་སྟོན་བརྩི་སྲུང་དང་ ངལ་གསོ་ལེ་ཤ་ཡོདཔ་ལས་ ཐིམ་ཕུག་ལུ་ ཕྱགས་སྙིགས་དང་འབྲེལ་བའི་གནས་སྟངས་དེ་ ལྷག་པར་དུ་ སྐྱོ་དྲགས་ཐལ་ནིའི་ ཉེན་ཁ་ཡོདཔ་ད་ དེ་ཡང་ ག་འཆརཔ་ཟེར་བ་ཅིན་ ལོ་ཨ་རྟག་ར་ ཁྲོམ་ལམ་བདའ་སྟེ་ བཞེས་སྒོ་དང་ ཅ་ཆས་ དེ་ལས་ གོ་ལ་བཙོང་མི་ མང་རབས་ཅིག་འཐོན་ནི་དེ་གིས་ཨིན།

ཕྱོགས་གཅིག་ལས་བལྟ་བ་ཅིན་ སྤྱིར་བཏང་མི་ཚུ་གིས་ ཚེས་བཅུ་མཇལ་ནི་ལས་ ཁྲོམ་ལམ་བདའ་སྟེ་ བཟའ་འཐུང་ལ་སོགས་པའི་ ཚོང་ཁང་ཕྱམ་ཕྱིམ་བཙུགས་སར་ འགྱོ་ནི་ལུ་ སྤྲོ་བ་བསྐྱེད་དོ་ཡོདཔ་ལས་ ང་བཅས་ར་ བསམ་ཞིབ་འབད་དགོཔ་འདུག།

རང་ལུགས་ཀྱི་ རྩ་ཆེ་བའི་ དུས་སྟོན་ཚུ་ བརྩི་སྲུང་འབད་བའི་སྐབས་ འབྲུག་མི་ཚུ་གིས་ དོན་སྨིན་ཅན་སྦེ་ རྒྱབ་ཁུངས་དང་ གོ་དོན་ཚུ་ལེན་ཞིནམ་ལས་ བརྩི་སྲུང་འབད་ནི་མ་གཏོགས་ དོན་མེད་ཀྱི་ སྤྲོ་སྟོན་ལས་རིམ་ཚུ་ནང་ གྲལ་གཏོགས་འབད་ནི་དེ་ཡང་ ཕྱི་འགྱུར་ཅིག་མེན་ན་ཟེར་བའི་ མནོ་བསམ་བཏངམ་ཨིན་མས།

མ་གཞི་ དམིགས་དོན་ངོ་མ་དེ་ར་ མི་མང་སྤུངས་འཛོམས་འབད་བའི་ དུས་སྟོན་དང་ དགའ་སྟོན་ཚུ་ བརྩི་སྲུང་འབད་བའི་སྐབས་ སྤྱིར་བཏང་མི་མང་གིས་ ཕྱགས་སྙིགས་རག་རོག་ཚུ་ ག་ལྷོད་བཀོག་ནི་ལས་ འཛེམ་དགོ་པའི་ ཐབས་ལམ་ཚུ་བཏོན་ནི་དེ་ཨིན།

འབྲེལ་ཡོད་དབང་འཛིན་ཚུ་གིས་ མི་མང་འཛོམས་སའི་ ས་ཁོངས་ཚུ་ནང་ ཕྱགས་སྙིགས་བཀོག་སའི་ཧོད་དང་ གསང་སྤྱོད་བཟུམ་མའི་ མཐུན་རྐྱེན་ཚུ་ གཞི་བཙུགས་འབད་བ་ཅིན་ ཕྱགས་སྙིགས་ག་ལྷོད་བཀོག་མི་དང་ མཐའ་འཁོར་བཙོག་གྲིབ་བཟོ་བའི་ དཀའ་ངལ་དེ་ སེལ་ཐབས་འབད་ཚུགས་ནི་ཨིན་མས།

ཁྲོམ་སྡེ་དང་ རྫོང་ཁག་ དྲུང་ཁག་ དེ་ལས་ ཆོག་ཐམ་བྱིན་མི་ དབང་འཛིན་ཚུ་གིས་འབད་རུང་ དགོས་མཁོ་ཆེ་བའི་མཐུན་རྐྱེན་ཚུ་ ལེགས་ཤོམ་སྦེ་ བཙུགས་བྱིན་དགོཔ་མ་ཚད་ དེ་དང་བསྟུན་པའི་ ལམ་ལུགས་དང་ སྒྲིག་གཞི་ཚུ་ཡང་ དམ་དམ་སྦེ་ར་ བསྟར་སྤྱོད་འབད་དགོཔ་འདུག།

དཔེ་འབད་བ་ཅིན་ རྒྱལ་ཁབ་གཞན་ཁར་ མི་ས་ཡ་ལས་བཅད་དེ་ སྤུངས་འཛོམས་འབད་དོ་ཡོད་མི་ དུས་སྟོན་བརྩི་སྲུང་ཚུ་ནང་ ཕྱགས་སྙིགས་བཀོག་ས་དང་ གསང་སྤྱོད་ལ་སོགས་པའི་ མི་མང་གི་མཐུན་རྐྱེན་ཚུ་ གཞི་བཙུགས་འབད་ཡོད་ནི་དེ་གིས་ ཕྱགས་སྙིགས་དང་ བཙོག་གྲིབ་ཀྱི་དཀའ་ངལ་ རྩ་ལས་མི་འཐོན་དོ་ཡོདཔ་ད་ འདི་བཟུམ་ ང་བཅས་ཀྱིས་ འབད་མ་ཚུགསཔ་ཨིན་ན?

འབྲུག་གིས་ རིན་གོང་ཆེ་བ་དང་ གྱངས་ཁ་ཉུང་བའི་ ལྟ་བཤལ་སྲིད་བྱུས་ འགོ་བཙུགས་མི་དང་བསྟུན་ ང་བཅས་རའི་ མགྱོནམ་ཚུ་ལུ་ རིན་གོང་ཆེ་བའི་ ཉམས་མྱོང་འཐོབ་བཅུག་དགོཔ་ལས་ མི་སྡེ་དང་ ཡོངས་གྲགས་ཅན་གྱི་ ས་ཁོངས་ཚུ་ནང་ ཕྱགས་སྙིགས་རག་རོག་ཚུ་ མཐོང་ནི་མེདཔ་བཟོ་དགོཔ་ཨིན།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *