དབང་འདུས་ལུ་ བསྡུ་བསྒྱོམ་འབད་མི་ ཕྱགས་སྙིགས་ཀྱི་དོ་ཚུ།

ཕྱགས་སྙིགས་འཛིན་སྐྱོང་ལས་སྡེ་ གནས་སྐབས་ཅིག་ མཚམས་འཇོག་འབད་ཡོདཔ།

༉ དབང་འདུས་ཕོ་བྲང་ལུ་ རང་བཞིན་གནས་སྟངས་དང་མཐུན་པའི་ ཕྱགས་སྙིགས་འཛིན་སྐྱོང་གི་ ལས་སྡེ་གཞི་བཙུགས་འབད་དེ་ ལོ་༢ དེ་ཅིག་ ལག་ལེན་འཐབ་པའི་ཤུལ་ལས་ ལས་སྣ་ཚུ་ གནས་སྐབས་ཅིག་ མཚམས་འཇོག་འབད་དེ་ཡོདཔ་ཨིན་པས།
ལས་སྡེ་དེ་ཡང་ འོང་འབབ་བཟོ་ནི་དང་ ཚོང་འབྲེལ་འཐབ་ནི་ལུ་ སེམས་ཤུགས་བསྐྱེད་བཅུག་ཐབས་ལུ་ སྤྱི་ལོ་༢༠༡༦ ཟླ་༦ པའི་ནང་ དཱན་ཀུ་མར་ ཤེང་དཱན་དང་ ཁོ་རའི་ ཆ་རོགས་ཚུ་གིས་ གཞི་བཙུགས་འབད་ནུག།
ལས་སྡེ་གིས་ ལས་སྣ་ཚུ་ཡང་ དབྱེ་ཁག་༤ སྦེ་ ཕྱགས་སྙིགས་བསྐྱར་བཟོ་དང་ མར་ཕབ་འབད་ནི་ ལོག་ལག་ལེན་ འཐབ་ནི་སྦེ་ བཟོ་སྟེ་ཡོདཔ་བཞིན་དུ་ ཕྱགས་སྙིགས་མར་ཕབ་འབད་ནིའི་དོན་ལུ་ ལས་སྡེ་གིས་ ཕྱགས་སྙིགས་བསྡུ་བསྒྱོམ་དང་ གོ་བརྡའི་ལས་རིམ་ཚུ་ཡང་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།
ལས་སྡེ་གཞི་བཙུགས་འབད་མི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ དཱན་ཀུ་མར་ ཤེང་དཱན་གྱིས་ སླབ་མིའི་ནང་ དམིགས་བསལ་དུ་ ཅ་ཆས་བསྐྱར་བཟོ་ལྟེ་བ་ གཞི་བཙུགས་འབད་ནི་ལུ་ ས་ཆ་མེདཔ་ལས་ དབྱེ་ཁག་༢ པའི་ ལས་སྣ་ཚུ་འབད་ནི་ལུ་ མཚམས་འཇོག་འབད་དགོཔ་ བྱུང་སྟེ་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ལས་སྡེ་གིས་ ལྟེ་བ་གཞི་བཙུགས་འབད་ནིའི་དོན་ལུ་ འོས་འབབ་ལྡན་པའི་ ས་ཆ་ཅིག་ གླ་ཁར་ལེན་ཐོག་ལས་ འཚོལ་ཞིབ་འབད་དེ་ ལོ་༡ དེ་ཅིག་ ལང་ཡོད་རུང་ ས་ཆ་ལེགས་ཤོམ་མེད་པའི་ཁར་ མི་མང་ཆོག་ཐམ་ མ་ཐོབ་མི་ལུ་བརྟེན་ མཐར་འཁྱོལ་འབྱུང་མ་ཚུགས་ཟེར་ཨིན་པས།
ལས་སྡེ་དེ་གིས་ ཅ་ཆས་བསྐྱར་བཟོ་ལྟེ་བ་དེ་ ཕྱགས་སྙིགས་ཐོན་སྐྱེད་བཟོ་ནི་དང་ མི་སེར་ཚུ་ལུ་ ཕྱགས་སྙིགས་ཚུ་ ཚུལ་ལྡན་སྦེ་ ལག་ལེན་འཐབ་ནི་སྐོར་ལས་ སློབ་སྟོན་འབད་ནིའི་དོན་ལུ་ ལག་ལེན་འཐབ་ནི་ འཆར་གཞི་ཡོདཔ་ཨིན་པས།
ད་རེས་ནངས་པར་ ལས་སྡེ་གིས་ ཕྱགས་སྙིགས་བསྡུ་བསྒྱོམ་དང་ ཕྱི་སེལ་ དེ་ལས་ ཕྱགས་སྙིགས་བསྐྱར་བཟོ་ འབད་བཏུབ་མི་ཚུ་ བསྐྱར་བཟོ་ལྟེ་བ་ གི་རིན་རོཊི་དང་ འབྲུག་གདམ་ཁ་ དེ་ལས་ རྒྱ་གར་ལུ་ སྐྱེལ་འདྲེན་འབད་དོ་ཡོདཔ་ཨིན་པས།
ཕྱགས་སྙིགས་ཚུ་ཡང་ ཁྲོམ་སྡེ་གིས་ ཁྱབ་མ་ཚུགས་པའི་ས་ཁོངས་ དབང་འདུས་དང་ སྤུ་ན་ཁ་ དེ་ལས་ མགར་ས་རྫོང་ཁག་ཚུ་ལས་ བསྡུ་བསྒྱོམ་འབད་དོ་ཡོདཔ་ཨིན་པས།
དཱན་ཀུ་མར་གྱིས་ སླབ་མིའི་ནང་ མ་གཞི་ མགར་ས་རྫོང་ཁག་ནང་ ཕྱགས་སྙིགས་བསྡུ་ལེན་འབད་བར་ ཟླཝ་༣ ནང་འཁོད་ལུ་ ཚར་རེ་འགྱོ་ནི་སྦེ་ཡོད་རུང་ ཕྱགས་སྙིགས་མངམ་ མེད་མི་དང་ ལམ་ཐག་རིང་མི་ལུ་བརྟེན་ འགྱོ་མ་ཚུགས་ཟེར་ཨིན་པས།
ལས་སྡེ་གིས་ དབང་འདུས་བ་འཇོ་དང་ བསྟན་སྐྱོང་གླིང་དམག་སྦྱོང་ལྟེ་བ་ དེ་ལས་ སྤུ་ན་གཙང་ཆུ་ལས་ ཉིནམ་༡ ནང་ ཕྱགས་སྙིགས་ཊཱོན་༦.༧ དེ་ཅིག་དང་ སྤུ་ན་ཁ་ལས་ ཊཱོན་༣ བསྡུ་ལེན་འབད་དོ་ཡོདཔ་ཨིན་པས།
དཱན་ཀུ་མར་གྱིས་ སླབ་མིའི་ནང་ འཆར་དངུལ་མེད་མི་དང་ མི་སྟོབས་ཀྱི་དཀའ་ངལ་ལུ་བརྟེན་ ལས་སྡེ་གིས་ ཚོང་མགྲོན་པ་ཚུ་ལུ་ ཞབས་ཏོག་ལེགས་ཤོམ་སྦེ་ སྤྲོད་མི་ཚུགས་པས་ཟེར་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

About admin

Check Also

རྩི་རང་གི་ ས་གནས་གཞུང་གི་བཙག་འཐུའི་ནང ཁས་བླངས་གཙོ་བོ་ ཆུའི་དཀའ་ངལ་སེལ་ཐབས་འབད་ནི།

༉ རྩི་རང་སྟོད་ཀྱི་ ས་གནས་གཞུང་གི་འདེམས་ངོ་སྦེ་ གདམ་འཐུ་གྲུབ་མི་༡༡ ཡོདཔ་བཞིན་དུ་ ག་རང་གིས་ ཆུའི་དཀའ་ངལ་བསལ་ནི་ལུ་ གཙོ་རིམ་བཟུང་ཡོདཔ་མ་ཚད་ ཞིང་ཆུ་ལངམ་སྦེ་ མཁོ་སྤྲོད་འབད་ནི་ཨིན་པས། ཨིན་རུང་ ཚོགས་རྒྱན་བཙུགས་མི་ཚུ་གིས་འབད་བ་ཅིན་ ཧེ་མ་ཡང་ འདེམས་ངོ་ཚུ་ བཙག་འཐུ་གྲུབ་ཞིནམ་ལས་ …

Leave a Reply

Your email address will not be published. Required fields are marked *