ཕྱགས་སྙིགས་བསྐྱར་བཟོ་ལྟེ་བ་ འགོ་འབྱེད་འབད་ཡོདཔ།

༉ སྤྱི་ཟླ་༦ པའི་༥ ལུ་ རང་བཞིན་གནས་སྟངས་ཀྱི་ཉིནམ་ བརྩི་སྲུང་དང་འབྲེལ་ མི་དབང་རྒྱལ་བཙུན་མཆོག་གིས་ ཐིམ་ཕུག་ སྔ་སྦིས་ཕུག་ལུ་ ཕྱགས་སྙིགས་བསྐྱར་བཟོ་ལྟེ་བ་ འགོ་འབྱེད་མཛད་གནང་ཡི།
ལྟེ་བ་དེ་ནང་ ཐིམ་ཕུག་ཁྲོམ་ལས་ བསྡུ་བསྒྱོམ་འབད་མི་ ཕྱགས་སྙིགས་སྐམ་ཚུ་ མེ་མེ་ལ་ཁ་ལུ་ མ་བསྐྱེལ་བའི་ཧེ་མར་ བསྐྱར་བཅོས་འབད་བཏུབ་པའི་ ཕྱགས་སྙིགས་ཚུ་ ཕྱི་སེལ་རྐྱབ་སྟེ་ ལྟེ་བ་ནང་བཞག་ནི་ཨིན་པས།
གི་རིན་ནར་ཝེ་གིས་ ལྟེ་བ་དེ་ རིན་གོང་དངུལ་ཀྲམ་ས་ཡ་༤༠ སྦེ་ བཟོ་སྐྲུན་འབད་ཡོདཔ་བཞིན་དུ་ ལྟེ་བ་བཟོ་སྐྲུན་འབད་ནི་དེ་ སྤྱི་ལོ་༢༠༡༥ འི་ཟླཝ་༡ པའི་ནང་ འགོ་བཙུགས་ཏེ་ ན་ཧིང་ ལོ་རྫོགས་ཁམས་ཅིག་ཁར་ མཇུག་བསྡུ་ཚུགས་ནུག།
ཐིམ་ཕུག་ཁྲོམ་དཔོན་ ཀུན་ལེགས་རྡོ་རྗེ་གིས་ བཤད་མིའི་ནང་ ཐིམ་ཕུག་ཁྲོམ་སྡེ་ལས་ ཉིན་བསྟར་བཞིན་དུ་ ཕྱགས་སྙིགས་ཊཱོན་༥༠ དེ་ཅིག་ཐོན་མིའི་ནང་ལས་ ཊཱོན་༢༥ ཕྱགས་སྙིགས་སྐམ་ཚུ་ཨིནམ་སྦེ་བཤད་ཅི།
བསྐྱར་བཅོས་འབད་མ་བཏུབ་པའི་ཕྱགས་སྙིགས་ དཔེར་ན་ ཨ་ལོ་གི་ཌའི་པར་དང་ ཨ་བ་འཕྱག་ནིའི་ཤོག་གུ་ལ་སོགས་པ་ཚུ་ ཕྲངམ་ཕྲང་སར་ མེ་མེ་ལ་ཁ་ལུ་ འབག་འགྱོཝ་ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ བསྐྱར་བཅོས་འབད་མ་བཏུབ་པའི་ བརྒྱ་ཆ་༡༥ དང་ རུལ་བཏུབ་མི་ཕྱགས་སྙིགས་ཊཱོན་༢༥ པོ་དེ་ ཕྲང་སྟེ་ མེ་མེ་ལ་ཁར་ སྐྱེལ་དོ་ཟེར་ཨིན་པས།
ན་ཧིང་གི་ལོ་ནང་ བསྐྱར་བཟོ་ལྟེ་བ་མེད་དེ་འབད་རུང་ ཕྱགས་སྙིགས་ཊཱོན་༥༠༠ དེ་ཅིག་ བསྐྱར་བཟོ་འབད་ཡོདཔ་སྦེ་ཨིནམ་ད་ ད་ལྟོ་ལྟེ་བ་དེ་ གཞི་བཙུགས་འབད་ཞིནམ་ལས་ཚུར་ ཧེ་མ་འབད་མི་ལས་ ཚར་༥ གིས་ བསྐྱར་བཟོ་ཡར་སེང་འབད་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།
ཁྲོམ་སྡེ་གིས་ མེ་མེ་ལ་ཁ་ལུ་ ལུད་བཟོ་ནིའི་འཕྲུལ་ཆས་གཅིག་ཡང་ བཟོ་ནི་གི་ འཆར་གཞི་ཡོདཔ་ལས་ ཁྲོམ་དཔོན་གྱིས་འབད་བ་ཅིན་ དུས་ཅི་ལོ་རྫོགས་ཁམས་གཅིག་ཁར་ མཇུག་བསྡུ་དོ་འོང་ཟེར་ཨིན་པས།
ཁྲོམ་དཔོན་གྱིས་ བཤད་མིའི་ནང་ མེ་མེ་ལ་ཁའི་ ས་གནས་ནང་ཡོད་མི་ ཕྱགས་སྙིགས་ག་ར་ བསྐྱར་བཟོ་འབད་ཚུགས་པ་ཅིན་ མ་འོངས་པ་ནང་ གླིང་ག་བཟོ་བཏུབ་ནི་མས་ཟེར་ཨིན་པས།
བསྐྱར་བཟོ་ལྟེ་བ་ འགོ་བཙུགས་མི་དེ་གིས་ མི་༣༠ ལས་༤༠ དེ་ཅིག་ལུ་ ལཱ་གཡོག་གི་གོ་སྐབས་ཚུ་ཡང་ སྤྲོད་ཚུགས་ནི་མས་ཟེར་ཨིན་པས།
བསྐྱར་བཟོ་འབད་མི་ དམ་སྦྱིས་དང་ ལྕགས་ཊིན་ ཤོག་སྒྲོམ་ལ་སོགས་པ་ཚུ་ བསྐྱར་བཟོ་འབད་ནིའི་དོན་ལུ་ ཕུན་ཚོགས་གླིང་དཔག་བསམ་ཁ་དང་ ཉེ་འདབས་ཀྱི་ ས་མཚམས་ཁྲོམ་ཚུ་ཡང་ གཏང་ནི་ཟེར་ཨིན་པས།
ཤོག་གུ་འབད་བ་ཅིན་ ཐིམ་ཕུག་སྦྱིས་མི་ནང་ལུ་ སྒོང་རྡོག་གི་ཧོད་བཟོ་ནི་གི་དོན་ལུ་ བསྐྱལ་གཏང་ནི་ཟེར་ཨིན་པས།
ཕྱགས་སྙིགས་ཚུ་ ལེགས་ཤོམ་སྦེ་འཛིན་སྐྱོང་འཐབ་སྟེ་ བསྐྱར་བཟོ་འབད་བ་ཅིན་ ཅ་ཆས་མང་རབས་ཅིག་ བཟོ་ཚུགས་ཟེར་ ཁྲོམ་དཔོན་གྱིས་ བཤདཔ་ཨིན་པས།
མི་དབང་རྒྱལ་བཙུན་མཆོག་གིས་ སྤྱོད་ལམ་བསྒྱུར་བཅོས་ཐབས་བྱུས་དང་ ཐིམ་ཕུག་ཁྲོམ་སྡེ་ལམ་སྟོན་༢༠༡༧ ཚུ་ གསར་བཏོན་མཛད་གནང་ཡོད་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

 

About admin

Check Also

བདེ་ཆེན་གླིང་ལུ་ གླངམོ་ཆེ་དང་འབྲེལ་བའི་དཀའ་ངལ།

༉ པདྨ་དགའ་ཚལ་ བདེ་ཆེན་གླིང་མཁོ་ལོམ་རི་དང་ དགོན་པ་འུང་སྤྱི་འོག་༢ ནང་ གླངམོ་ཆེ་དང་འབྲེལ་བའི་ གནོད་ཉེན་དེ་ ཆེ་སུ་ཅིག་སྦེ་ཐོན་ཡོདཔ་ལས་ ས་གནས་ཀྱི་མི་སེར་ཚུ་ ཚ་གྱང་ལང་སྟེ་ ཡོདཔ་ཨིན་པས། མ་གཞི་ ནགས་ཚལ་འགོ་དཔོན་དང་ གཡུས་ཁའི་མི་ཚུ་གིས་ གླངམོ་ཆེ་ཚུ་ …

Leave a Reply

Your email address will not be published. Required fields are marked *