སྔགས་སྦི་ཕུག་གི་ ཕྱགས་སྙིགས་བཀོ་ས།

ཕྱགས་སྙིགས་བཀོ་ས་ ཚུལ་མཐུན་ལག་ལེན་མ་འཐབ་མི་གིས་ དཀའ་ངལ་འབྱུང་དོ་ཡོདཔ།

༉ ཐིམ་ཕུག་ སྔགས་སྦི་ཕུག་གི་ གཞུང་ལམ་ཁའི་ ཕྱགས་སྙིགས་བཀོ་ས་ལྟེ་བ་དེ་  རྫོང་ཁག་བདག་སྐྱོང་ལུ་ རྩིས་སྤྲོད་མ་འབདཝ་ལས་ འགྲོ་འགྲུལ་འབད་མི་དང་ ས་གནས་ཀྱི་མི་ཚུ་གིས་ ལག་ལེན་འཐབ་ནི་ འགོ་བཙུགས་ཡོདཔ་ཨིན་པས།

མི་ཚུ་གིས་ མི་སྡེ་བརྡ་བརྒྱུད་ནང་ ཕྱགས་སྙིགས་བཀོ་ས་དེ་ ཕྱགས་སྙིགས་མར་ཕབ་འབད་ཐབས་ལུ་ བཟོ་སྐྲུན་འབད་ཡོདཔ་ཨིན་རུང་ ས་ཁོངས་དེ་ ཕྱགས་སྙིགས་ཀྱིས་གང་སྟེ་ ཕྱི་ཁ་ལས་ཕར་ཡང་ བཀོག་བཞག་སྟེ་ཡོདཔ་སྦེ་ཨིན་པས།

རྒྱལ་ཡོངས་མཐའ་འཁོར་ལྷན་ཚོགས་ཀྱི་ མཐུན་རྐྱེན་དེ་ རྒྱལ་ཡོངས་ཕྱགས་སྙིགས་འཛིན་སྐྱོང་གི་ དམིགས་བསལ་ལས་རིམ་ཐོག་ལུ་ བཟོ་སྐྲུན་འབད་ཡོདཔ་ད མཐུན་རྐྱེན་དེ་ ཐིམ་ཕུག་ལུ་ ཕྱགས་སྙིགས་བཀོ་སའི་ལྟེ་བ་ བཞི་འོང་ནི་ཨིན་པའི་གྲས་ལས་ དང་པ་ཨིན་པས།

ཤུལ་མའི་ཟླཝ་དང་ མཐུན་རྐྱེན་དེ་ ཐིམ་ཕུག་རྫོང་ཁག་བདག་སྐྱོང་ལུ་ རྩིས་སྤྲོད་ཞིནམ་ལས་ རྫོང་ཁག་གི་ ཕྱགས་སྙིགས་བསྡུ་ལེན་འབད་མི་དང་ བཀོ་མི་ཚུ་ བལྟ་རྟོག་འབད་ནི་ཨིན་པས།

མི་སྡེ་བརྡ་བརྒྱུད་ནང་ མི་༡ གིས་ རང་གི་ཕྱགས་སྙིགས་དེ་ དུས་ཡུན་ཐུང་ཀུ་ཅིག་བཏོན་ཞིནམ་ལས་ ལེགས་ཤོམ་སྦེ་ བཀོ་དགོ་པའི་ཁར་ མཐུན་རྐྱེན་ལག་ལེན་འཐབ་མ་ཤེས་པ་ཅིན་ འབྲེལ་ཡོད་ལས་སྡེ་གིས་ ལོག་བསྡུ་དགོཔ་སྦེ་ བྲིས་སྟེ་འདུག།

ད་རུང་ མི་ཅིག་གིས་ ཕྱགས་སྙིགས་བཀོ་སའི་ལྟེ་བ་དེ་ ལོག་བསྡུ་དགོཔ་སྦེ་ བྲིས་ཡོདཔ་ད་ དེ་ཡང་ ཕྱགས་སྙིགས་ཀྱི་གནས་སྟངས་ སྐྱོ་དྲགས་སོང་མི་ལུ་བརྟེན་ཨིནམ་བཞིན་དུ་ ཕྱགས་སྙིགས་བསྡུ་ལེན་འབད་ས་དེ་ མཛེས་ལྡན་མེདཔ་ལས་ ཕྱགས་སྙིགས་བཀོ་ས་ཚུ་ དུས་དང་དུས་སུ་ སྟོངམ་མ་བཏོན་པ་ཅིན་ ས་གནས་ནང་ ཕྱགས་སྙིགས་ཀྱིས་ གང་ནིའི་ཉེན་ཁ་ཡོད་ཟེར་ཨིན་པས།

ལ་ལོ་ཅིག་གིས་ ཕྱགས་སྙིགས་བསྡུ་ལེན་འབད་ནིའི་ གྱངས་ཁ་ཡང་ ཉུང་སུ་ཅིག་ཨིནམ་སྦེ་ བཀོད་ཡོདཔ་ཨིན་པས།

མི་སྡེ་བརྡ་བརྒྱུད་ལག་ལེན་པ་ཅིག་གིས་ འདས་པའི་གནས་སྟངས་ཀྱི་ ཉམས་མྱོང་བཤད་མི་དེ་ཡང་ ཕྱགས་སྙིགས་དེ་ དུས་ཚོད་ཁར་བསྡུ་ལེན་འབད་བ་ཅིན་ གནས་སྟངས་ལེགས་ཤོམ་འོང་ནི་ཨིན་རུང་ ཧེ་མ་འབད་བ་ཅིན་ སྟབས་མ་བདེཝ་བྱུང་བའི་ གནད་དོན་དེ་ ལམ་ལུགས་དང་བསྟུན་ཏེ་མེན་པར་ ལག་ལེན་པ་ཚུ་ལུ་ ཉེས་ཁ་བཀལ་ཏེ་ འབད་མི་ལུ་བརྟེན་ཨིན་ཟེར་ཨིན་པས།

ཕྱོགས་ཅིག་ལས་ ཕྱགས་སྙིགས་དུས་ཚོད་ཁར་ བསྡུ་ལེན་འབད་རུང་ མི་ཚུ་གི་ ཕྱགས་སྙིགས་ཚུ་ མཐུན་རྐྱེན་ནང་ན་མེན་པར་ ཕྱི་ཁར་བཀོ་མི་དང་ ཕྱགས་སྙིགས་ཕྱི་སེལ་མ་རྐྱབ་པར་བཀོ་མི་གིས་ ཉེ་འདབས་ཀྱི་ནགས་ཚལ་དང་ རོང་ཆུ་ཚུ་ བཙོག་པ་བཟོ་བའི་ཁར་ དྲིམ་མནམ་དོ་ཡོདཔ་ཨིན་པས།

ས་གནས་ནང་སྡོད་མི་དང་ འགྲོ་འགྲུལ་འབད་མི་ཚུ་གིས་ ཟླ་ངོ་༡ གི་ཧེ་མ་ལས་ མཐུན་རྐྱེན་དེ་ ལག་ལེན་འཐབ་ཡོདཔ་ལས་ ཁོང་གི་ མཐུན་རྐྱེན་དེ་ ལོག་སྤྱོད་འབད་ཡོདཔ་སྦེ་ སླབ་ཨིན་པས།

ས་གནས་ནང་སྡོད་མི་ཅིག་གིས་ སླབ་མིའི་ནང་ འཁོར་ལམ་བདའ་སྟེ་ རྒྱུན་འགྲུལ་འབད་མི་ཚུ་གིས་ སྣུམ་འཁོར་ནང་ལས་ ཕྱགས་སྙིགས་ཚུ་བཀོ་དོ་ཡོདཔ་ལས་ ས་གནས་ག་ར་ ཁམས་ལོག་སི་སི་བཟོཝ་མས་ཟེར་ཨིན་པས།

མོ་གིས་ སླབ་མིའི་ནང་ འབྲེལ་ཡོད་ལས་སྡེ་གིས་ ཕྱགས་སྙིགས་བསྡུ་ལེན་འབད་བའི་ཤུལ་ལུ་ ཕྱགས་སྙིགས་ལོག་ སྤུང་བཞག་དོ་ཡོད་རུང་ རླུང་མ་གིས་ གྱིབ་ཤོག་ཚུ་ ཕར་ཚུར་འབག་འགྱོཝ་མས་ཟེར་ཨིན་པས།

ཚོང་པ་ཅིག་ཨིན་མི་ སཱན་མ་ཡ་ཇིམ་བ་གིས་ སླབ་མིའི་ནང་ སྒེར་གྱི་ཕྱགས་སྙིགས་བསྡུ་ལེན་འབད་མི་ལུ་ ཕྱགས་སྙིགས་ཚུ་ བསྡུ་ལེན་འབད་ནིའི་དོན་ལུ་ བདུན་ཕྲག་རེ་ལུ་ དངུལ་ཀྲམ་༢༠༠ རེ་ སྤྲོད་དོ་ཡོདཔ་ད་ བསྡུ་ལེན་པ་གིས་ དུས་ཚོད་ཁར་འོང་ནི་མེད་པའི་བསྒང་ལས་ ཕྱགས་སྙིགས་གང་སྟེ་ མི་ཚུ་གིས་ ཕྱི་ཁར་བཀོཝ་མས་ཟེར་ཨིན་པས།

ཕྱགས་སྙིགས་བསྡུ་ལེན་འབད་མི་ གིར་ནར་ཝེ་གིས་ ས་གནས་ནང་ལས་ བདུན་ཕྲག་རེ་ནང་ ཕྱགས་སྙིགས་ཐེངས་༢ རེ་ འབག་དོ་ཡོདཔ་ད་ རེ་ཚེ་སྐབས་ ཕྱགས་སྙིགས་ལེན་པར་འོང་ནི་མིན་འདུག་ཟེར་ཨིན་པས།

གིར་ནར་ཝེ་གཞི་བཙུགས་འབད་མི་ ཀརྨ་ཡོན་ཏན་གྱིས་ སླབ་མིའི་ན་ འདས་པའི་ཟླཝ་ལས་ ཁོ་གི་ལས་བྱེདཔ་ཚུ་གིས་ ཁས་བླངས་ཐོག་ལས་ ཕྱགས་སྙིགས་བསྡུ་ཡོདཔ་ད་ བདུན་ཕྲག་༤ ནང་ ཕྱགས་སྙིགས་ཐེངས་༡༨ རེ་བསྡུ་ལེན་འབད་དོ་ཡོདཔ་སྦེ་ཨིན་པས།

ཁོ་གིས་འབད་བ་ཅིན་ མཐུན་རྐྱེན་ལག་ལེན་འཐབ་མི་ཚུ་གིས་ ལོག་སྤྱོད་འབད་དོ་ཡོདཔ་སྦེ་ བཤད་པའི་ཁར་ ཕྱགས་སྙིགས་ཚུ་ མཐུན་རྐྱེན་ནང་བླུགས་པ་ཅིན་ དཀའ་ངལ་བསལ་ཚུགས་ཟེར་ཨིནམ་ད་ བསྡུ་ལེན་འབད་ནིའི་གྱངས་ཁ་ གཏན་འཁེལ་བཟོ་བཟོཝ་མེད་རུང་ རྩ་འགེངས་ལཱ་འབད་དོ་ཟེར་ཨིན་པས།

ཀརྨ་ཡོན་ཏན་གྱིས་ སླབ་མིའི་ནང་ སྤྱི་ཟླ་༥ པའི་ཚེས་༤ ལས་ ལས་སྡེ་གི་ མཐུན་རྐྱེན་དེ་ རྫོང་ཁག་བདག་སྐྱོང་ལུ་ རྩིས་སྤྲོད་མ་འབད་ཚུན་ འཐུས་ཆུང་ཀུ་རེ་བསྡུ་ལེན་འབད་དེ་ ཕྱགས་སྙིགས་བསྡུ་ལེན་འབད་འོང་ཟེར་ཨིན་པས།

ཐིམ་ཕུག་རྫོང་བདག་ རྡོ་རྗེ་ཚེ་རིང་གིས་ སླབ་མིའི་ནང་ རྒྱུན་འགྲུལ་འཐབ་མི་དང་ ས་གནས་ཀྱི་མི་ཚུ་གིས་ ཕྱགས་སྙིགས་ཚུ་ ག་ལྷོད་བཀོ་དོ་ཡོདཔ་ད་ མཐུན་རྐྱེན་དེ་ ད་ལྟོ་ རྫོང་ཁག་ལུ་ རྩིས་མ་སྤྲོད་རུང་ རྫོང་ཁག་བདག་སྐྱོང་གིས་ ས་གནས་ནང་ཕྱགས་སྙིགས་ཚུ་ འཕྲལ་འཕྲལ་ར་ སེལ་དོ་ཟེར་ཨིན་པས།

དུས་ཅི་ ལོ་མཇུག་བསྡུ་ཁམས་ལས་ ཐིམ་ཕུག་ལུ་ ད་ལྟོ་ཡོད་པའི་ ཕྱགས་སྙིགས་བསྡུ་ལེན་འབད་ས་ མ་བརྩིས་བར་ ཕྱགས་སྙིགས་བཀོ་སའི་ལྟེ་བ་༡༡ འོང་ནི་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཉིམ་རྡོ་རྗེ།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *