ཕྱག་ཞུ་བའི་བསྒང་ཡོད་མི་ འཐུས་མི་ཚུ་གིས་ འདེམས་ངོ་གསརཔ་ ངོ་སྤྲོད་འབད་ཆོགཔ་ཨིན་ན?

༉ ད་ལྟོ་ ཕྱག་ཞུ་བའི་བསྒང་ཡོད་མི་ འཐུས་མི་ཚུ་གིས་ ཁོ་རའི་ཚབ་སྦེ་ འཛུལ་ཞུགས་འབད་མི་འདེམས་ངོ་ཚུ་ འདེམས་ཁོངས་ནང་ ལྟ་སྐོར་ལུ་འགྱོ་བའི་སྐབས་ མི་སེར་ཚུ་ལུ་ ངོ་སྤྲོད་འབདཝ་ད་ གཞུང་གི་མཐུན་རྐྱེན་ཚུ་ ལོག་སྤྱོད་འབདཝ་མས་ཟེར་ འབྲུག་མཉམ་རུབ་ཚོགས་པ་གིས་ ཉོགས་བཤད་བཀོདཔ་ཨིན་པས།
འབྲུག་མཉམ་རུབ་ཚོགས་པའི་ ཡོངས་ཁྱབ་དྲུང་ཆེན་ བསྟན་འཛིན་ལེགས་འཕེལ་གྱིས་ སླབ་མིའི་ནང་ ད་ལྟོ་ ཕྱག་ཞུ་བའི་བསྒང་ཡོད་མི་ འཐུས་མི་ཚུ་ དུས་ཡུན་མ་ཚང་ཚུན་ ཚོགས་པའི་ངོ་ཚབ་ཨིན་པའི་ཁར་ འཐུས་མི་ཡང་ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཕྱག་ཞུ་བའི་བསྒང་ཡོད་མི་ འཐུས་མི་ཚུ་གིས་ འདེམས་ངོའི་ ངོ་སྤྲོད་འབད་ཆོག་དང་མ་ཆོག་པའི་ བཅའ་ཁྲིམས་ཅིག་ ཡོད་མེད་མི་ཤེས་པས་ཟེར་ཨིནམ་ད་ ཨིན་རུང་ འཐུས་མི་ཚུ་གིས་ འདེམས་ངོ་ངོ་སྤྲོད་འབད་ནི་ལུ་ གཞུང་འབྲེལ་གྱི་ ལྟ་སྐོར་ནང་འགྱོ་བའི་སྐབས་ མ་བཏུབ་བཟུམ་ཅིག་སྦེ་ མཐོང་བའི་ཁར་ གཞུང་དང་པ་༢ ཀྱིས་ དེ་བཟུམ་མའི་ ལཱ་འབདཝ་ད་ ལམ་ལུགས་ལེགས་ཤོམ་ཅིག་ མི་མཐོང་མས་ཟེར་ཨིན་པས།
མི་སེར་དམངས་གཙོ་ཚོགས་པའི་ སྤུ་ན་ཁ་ དཀར་སྦྱིས་ས་-རྟ་ལོག་འཐུས་མི་ རྡོ་ཕུག་འབྲུག་པ་གིས་ སླབ་མིའི་ནང་ ཁོ་ར་ འདེམས་ཁོངས་མཇུག་གི་ ལྟོ་སྐོར་འབདཝ་ད་འབྲེལ་ ཁོ་གི་ཚབ་མ་སྦེ་ཐོན་མི་ འདེམས་ངོ་ ཚེ་རིང་རྡོ་རྗེ་ཡང་ གོམས་འདྲིས་ལྟ་སྐོར་ནང་ ངོ་སྤྲོད་འབད་བར་ ཁྱིད་དོ་ཟེར་ཨིན་པས།
རྡོ་ཕུག་དའབྲུག་པ་ཁོ་ར་ འཐུས་མི་ལས་ དགོངས་ཞུ་འབད་ཡོདཔ་ལས་ ཁོ་གིས་ འདེམས་ཁོངས་ནང་ མི་སེར་ཚུ་ལུ་ བཀྲིན་དགའ་ཚོར་འབད་བར་ སོང་ཡི་ཟེར་ཨིནམ་ད་ ད་ལྟོ་ཁོ་ར་ ཕྱག་ཞུ་བའི་བསྒང་ཨིན་རུང་ མི་སེར་ཚུ་ལུ་ ཁོ་རའི་ཚབ་མ་དེ་ ངོ་སྤྲོད་འབད་ནི་ལུ་ སྟབས་མ་བདེཝ་མིན་འདུག་ཟེར་ རྡོ་ཕུག་འབྲུག་པ་གིས་ བཤད་ཅི།
ང་ར་ ཚོགས་པ་ནང་ ཁས་བླངས་ཐོག་ལས་ དགོངས་ཞུ་འབད་ཡོདཔ་ལས་ མི་སེར་ཚུ་ལུ་ ད་རེས་ ཁོ་ལས་ལྷག་པའི་འདེམས་ངོ་ཅིག་ ཐོན་ཏེ་ཡོད་ཟེར་བའི་ ངོ་སྤྲོད་འབད་དོ་ཟེར་ཨིནམ་ད་ གལ་སྲིད་ཁོ་གིས་ འདེམས་ངོ་དེ་ ངོ་སྤྲོད་འབད་མ་ཆོག་པ་ཅིན་ འབྲུག་མཉམ་རུབ་ཚོགས་པ་འབད་རུང་ ངོ་སྤྲོད་འབད་མི་ཆོག་ཟེར་ཨིན་པས།
སྤྱི་ཟླ་༥ པའི་ཚེས་༡༦ ལུ་ མོང་སྒར་གྱི་འཐུས་མི་དང་ ཚོགས་དཔོན་འཇིགས་མེད་བཟང་པོ་གིས་ མོང་སྒར་ལུ་ ཚོགས་པའི་རྫོང་ཁག་ཡིག་ཚང་དེ་ སྒོ་འབྱེད་འབད་ཡོདཔ་ད་ དེ་བསྒང་ མི་སེར་བརྒྱ་ལས་བཅད་དེ་ སྤུངས་འཛོམས་འབད་ཡོདཔ་ཨིན་པས།
གནད་དོན་ཐོག་ལུ་ འབྲུག་མཉམ་རུབ་ཚོགས་པ་བརྩིས་ཏེ་ ཚོགས་པ་གཞན་མི་ཚུ་གིས་ ཉོགས་བཤད་བཀོད་མི་དེ་ཡང་ ཚོགས་པའི་ལཱ་འབད་བའི་སྐབས་ གཞུང་གི་མཐུན་རྐྱེན་ཚུ་ ལོག་སྤྱོད་འབདཝ་མས་ཟེར་ཨིན་པས།
ཨིན་རུང་ ཚོགས་དཔོན་གྱིས་ བཤད་མིའི་ནང་ ཁོ་ར་ ཚོགས་དཔོན་གྱི་ དབང་དུ་མ་བཏང་པར་ མོང་སྒར་འདེམས་ཁོངས་ཀྱི་ འཐུས་མི་ཅིག་ཨིན་པའི་ མནོ་བསམ་བཏང་སྟེ་ ཡིག་ཚང་དེ་ སྒོ་འབྱེད་འབད་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཕྱིའི་རྒྱལ་ཁབ་ཚུ་ནང་ འགྱོ་བའི་སྐབས་ ཚོགས་དཔོན་སྦེ་ ངོ་ཚབ་འབད་དོ་ཟེར་ཨིན་པའི་ཁར་ འདེམས་ཁོངས་ལྟ་སྐོར་ནང་ འགྱོ་བའི་སྐབས་ འཐུས་མིའི་འགན་ཁུར་ འབག་དོ་ཟེར་ཨིན་པས།
དེ་བཟུམ་སྦེ་ ཁོ་ར་ རྒྱལ་ཡོངས་ཚོགས་འདུ་ནང་ སྲིད་ཚོགས་གཉིས་ཆ་ར་གིས་ བཙག་འཐུ་འབད་དེ་ ཚོགས་དཔོན་སྦེ་ བཀལ་ཡོདཔ་ལས་ སྲིད་དོན་ཐ་དད་སྦེ་ འགན་ཁུར་འབག་དོ་ཟེར་ ཚོགས་དཔོན་འཇིགས་མེད་བཟང་པོ་གིས་ བཤད་ཅི།
འབྲུག་མཉམ་རུབ་ཚོགས་པའི་ ཡོངས་ཁྱབ་དྲུང་ཆེན་གྱིས་ སླབ་མིའི་ནང་ ཤེས་རིག་བློན་པོ་ ནོར་བུ་དབང་ཕྱུག་གིས་ དུས་ཅི་ སྤྱི་ཟླ་དང་པའི་ནང་ བཀྲིས་སྒང་ལུ་ ལྟ་སྐོར་ནང་འགྱོ་བའི་སྐབས་ ར་ལྡི་-སག་སྟེང་གི་འདེམས་ངོ་ གོང་གསར་ཀརྨ་ཆོས་འཕེལ་ ངོ་སྤྲོད་འབད་བའི་སྐབས་ལུ་ འབྲུག་གི་བཙག་འཐུ་ལྷན་ཚོགས་ལུ་ སྙན་ཞུ་འབད་ཡི་ཟེར་ཨིན་པས།
ཨིན་རུང་ བསྟན་འཛིན་ལེགས་འཕེལ་གྱི་ སླབ་མིའི་ནང་ བཙག་འཐུ་ལྷན་ཚོགས་ཀྱིས་ ཁོང་གི་ ཉོགས་བཤད་ལུ་ ལན་གསལ་ག་ནི་ཡང་ འཐོབ་མ་ཚུགསཔ་ལས་ ད་རེས་ བཙག་འཐུ་ལྷན་ཚོགས་ཀྱིས་ དང་ལེན་ག་ནི་ཡང་ མི་འབད་འོང་ཟེར་ མནོ་ཞིནམ་ལས་ ཡིག་ཐོག་ལུ་ སྙན་ཞུ་མ་འབད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ མི་སེར་དམངས་གཙོ་ཚོགས་པ་དང་ འབྲུག་ཕུན་སུམ་ཚོགས་པ་༢ གཞུང་དང་པ་སྦེ་ བཙག་འཐུ་འབད་དེ་ཡོདཔ་ལས་ མ་འོངས་ཚོགས་པ་ཚུ་ལུ་ མིག་དཔེ་བཟང་པོ་ཅིག་ སྟོན་དགོཔ་དེ་ ཁག་ཆེ་ཟེར་ཨིན་པས།
འབྲུག་མཉམ་རུབ་ཚོགས་པ་གིས་འབད་བ་ཅིན་ འབྲུག་གི་བཙག་འཐུའི་བཅའ་ཁྲིམས་ དོན་ཚན་༢༩༩ ལུ་ སྲིད་དོན་ཚོགས་པ་དང་ ཡང་ན་ རྒྱལ་ཡོངས་ཚོགས་འདུའི་འཐུས་མི་ ཡང་ན་ གཞུང་གི་ཡིག་ཚང་འཆང་མི་ འགོ་དཔོན་གྱིས་ ཚོགས་རྒྱུན་བཙུགས་མི་ཚུ་ལུ་ རྒྱུད་བསྐུལ་ཐོག་ སྲིད་དོན་ཚོགས་པ་ཅིག་གི་ཧོངས་ལས་དང་ ཡང་ན་ དེའི་རྒྱབ་འགལ་ལུ་ ཁོང་རའི་གོ་གནས་ཀྱི་ དབང་ཚད་སྤྱོད་ནི་མི་འོང་ཟེར་ བཀོད་དེ་འདུག་ཟེར་ཨིན་པས།
དེ་མ་ཚད་ དོན་ཚན་༣༠༠ ནང་ བློན་པོ་བརྩིས་ཏེ་འཐུས་མི་དང་ ཡང་ན་ ས་གནས་གཞུང་གི་ འཐུས་མི་ཚུ་གིས་ གཞུང་དོན་དང་འབྲེལ་བའི་ འགྲོ་འགྲུལ་དང་ བཙག་འཐུའི་གྲལ་གཏོགས་དང་འབྲེལ་བའི་ ལཱ་གཉིསཔོ་དེ་ ཟུང་འབྲེལ་ཐོག་ལས་ འབད་མ་ཆོགཔ་མ་ཚད་ གཞུང་གི་མཐུན་རྐྱེན་དང་ མི་སྟོབས་ ཡང་ན་ གཞུང་གི་འགྲུལ་འཁོར་ཚུ་ བཙག་འཐུ་འབྲེལ་གཏོགས་དང་འབྲེལ་བའི་ བཅའ་སྒྲིག་སྐབས་ ཚོགས་པ་ ཡང་ན་ འདེམས་ངོ་ཚུ་གིས་ རང་དོན་གྲུབ་ཐབས་ལུ་ ཉེར་སྤྱོད་འཐབ་མི་ཆོག་ཟེར་ཨིན་པས།
འབྲུག་མཉམ་རུབ་ཚོགས་པའི་ འདེམས་ངོ་ཅིག་གིས་ སླབ་མིའི་ནང་ ལྡོག་ཕྱོགས་འགོ་ཁྲིདཔ་གིས་ ཧེ་མ་ཡང་ དེ་བཟུམ་འབད་ཡོད་རུང་ ཚོགས་པ་གིས་ ཉོགས་བཤད་བཀོད་པའི་ཤུལ་ལས་ འདེམས་ངོ་ཚུ་ ངོ་སྤྲོད་འབད་ནི་ལུ་ བཤོལ་བཞག་ཡི་ཟེར་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་ འཐུས་མི་ཚུ་གིས་ སླབ་མིའི་ནང་ ད་ལྟོ་ ཕྱག་ཞུ་བའི་བསྒང་ཡོད་མི་དང་ ལྡོག་ཕྱོགས་འགོ་ཁྲིདཔ་གིས་ ལྟ་སྐོར་འགྱོ་བའི་ཞོར་ཁར་ འདེམས་ངོ་ཚུ་ ངོ་སྤྲོད་འབད་བའི་སྐབས་ སྟབས་མ་བདེཝ་ཅིག་ མ་མཐོང་ཟེར་ཨིན་པས།
འབྲུག་གི་བཙག་འཐུ་ལྷན་ཚོགས་གི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ གནད་དོན་འདི་གི་ཐོག་ལུ ག་ནི་ཡང་ སླབ་མ་བཏུབ་པར་ཡོདཔ་བཞིན་དུ་ ད་ལྟོ་ཚུན་ གནད་དོན་སྐོར་ལས་ ཉོགས་བཤད་ག་ནི་ཡང་ མ་ལྷོད་ཟེར་ ལྷན་ཚོགས་ཀྱི་དྲུང་ཆེན་ ཟླ་བ་བསྟན་འཛིན་གྱིས་ བཤད་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

བཟའ་གྲོགས་ལུ་ ཨམ་སྲུ་༤༤ ནག་ཚོང་འཐབ་པའི་ ཉེས་འཛུགས་ཀྱི་གྲོས་འདེབས།

རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཉེས་འཛུགས་ཚུ་ལུ་ བསྐྱར་ཞིབ་འབད་བའི་བསྒང་ཡོདཔ། ༉ མི་ཌཱལ་ཨིསི་ལུང་ཕྱོགས་རྒྱལ་ཁབ་ཚུ་ནང་ འབྲུག་པའི་ཨམ་སྲུ་ཚུ་ ཉེས་ཚོང་འཐབ་ཡོད་པའི་ ཁ་ཉེས་ཕོག་མི་ ལས་སྡེ་ངོ་ཚབ་༣༠ ཡོད་མི་ལས་ རྒྱལ་གཞུང་ཁྲིམས་སྲུང་འགག་སྡེའི་ དམིགས་བསལ་ཞིབ་དཔྱད་སྡེ་ཚན་ཅིག་གིས་ རྩོད་དོན་༡ ཉེས་བཤེར་གྱི་དོན་ལུ་ འཕྲལ་ཁམས་ཅིག་ཁར་ …

Leave a Reply

Your email address will not be published. Required fields are marked *