ཕོཝ་གི་ཀེན་སར་ རྩ་མེད་གཏང་ནིའི་དོན་ལུ་ མོ་བཏབ་ལས་འགུལ་ འགོ་བཙུགས་ནི།

༉ འབྲུག་རྒྱལ་ཁབ་ནང་ ཕོཝ་གི་ཀེན་སར་བཀག་ཐབས་དང་ ཐོབ་ཡོད་མི་ཚུ་ལུ་ སྨན་བཅོས་གང་དྲག་བྱིན་ཐབས་ལུ་ འཕྲལ་མགྱོགས་ར་ ལས་རིམ་ཅིག་ འགོ་བཙུགས་ནི་ཨིན་པས།

དེ་ཡང་ སྤྱི་ཟླ་༨ པའི་ཚེས་༡༤ ལུ་ གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེའི་ གྲོས་འཛོམས་ཁང་ནང་སྦེ་ གེ་སར་རྒྱལ་པོ་གསོ་རིག་ གཙུག་ལག་སློབ་སྡེ་དང་ གསོ་བའི་ལྷན་ཁག་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ དེ་ལས་ ཇ་པཱན་ལས་ ཧའི་གཱན་ལས་སྡེ་ཚུ་གི་བར་ན་ ཕོ་བའི་ཀེན་སར་རྩ་མེད་གཏང་ནིའི་ མོ་བཏབ་ལས་འགུལ་གུ་ མཚན་རྟགས་བཀོད་ཡི།

མོ་བཏབ་ལས་འགུལ་དེ་ཡང་ དུས་ཅི་ སྤྱི་ཟླ་༡༠ པ་ལས་ སྤྱི་ལོ་༢༠༢༢ ཟླ་༩ པ་ཚུན་ ལོ་ངོ་༣ ལྷགཔ་ཅིག་གི་རིང་ སྤ་རོ་རྫོང་ཁག་འོག་གི་ ཟླ་བ་ཁ་ལུ་ཡོད་པའི་ འབྲིང་རིམ་སྨན་ཁང་ནང་སྦེ་ འགོ་འདྲེན་འཐབ་ནི་ཨིན་པས།

གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེའི་གཙོ་འཛིན་ ཌོག་ཊར་ ཀེ་ཊི་ ཚེ་རིང་གིས་ སླབ་མིའི་ནང་ མོ་བཏབ་ལས་རིམ་དེ་ ཆུང་ཀུ་སྦེ་ འགོ་འདྲེན་འཐབ་ཡོད་རུང་ འབྲུག་རྒྱལ་ཁབ་ཀྱི་དོན་ལུ་ ཕོཝ་གི་ཀེན་སར་ཐོབ་མི་ རྩ་མེད་གཏང་ནིའི་ལས་རིམ་ རྩ་ཅན་ཅིག་ཨིན་ཟེར་ཨིན་པས།

ཕོཝ་གི་ཀེན་སར་དང་ ཨམ་སྲུ་ཚུ་གི་ མངལ་སྒོའི་ཀེན་སར་གཉིས་ རྒྱལ་ཁབ་ནང་ ཀེན་སར་ཚུ་གི་གྲས་ལས་ རྒྱ་ཆེ་དྲགས་དང་ གནས་སྟངས་ཚབས་ཆེན་༢ ཨིན་ཟེར་ སླབ་ཡོདཔ་ད་ ད་རེས་ཀྱི་ མོ་བཏབ་ལས་རིམ་གུ་ ཇ་པཱན་ལས་སྡེ་དང་ འབྲུག་ལས་ འབྲེལ་ཡོད་ལས་སྡེ་ཚུ་གི་བར་ན་ མཚན་རྟགས་བཀོད་མི་གིས་ དོན་མིན་ཅན་སྦེ་ ཕན་ཐོགས་འབྱུང་ཚུགས་པའི་ དམིགས་གཏད་ཨིན་ཟེར་ ཨིན་པས།

ཇའི་ཀ་ལས་ འགོ་འཛིན་ངོ་ཚབ་ཀོ་ཟུ་ ཝ་ཏ་ལ་བཱི་གིས་ སླབ་མིའི་ནང་ ཇ་པཱན་ལུ་ཡོད་མི་ ཧའི་གཱན་ཟེར་མི་ ཕོཝ་གི་ཀེན་སར་གྱི་ གདོང་ལེན་འབད་མི་ལས་སྡེ་གིས་ ཇ་པཱན་རྒྱལ་ཁབ་ལུ་ ཕན་ནུས་ཅན་སྦེ་ ཕྱག་ཞུ་བའི་ཤུལ་ལས་ ཨེ་ཤེ་ཡཱན་རྒྱལ་ཁབ་ཚུ་ནང་ ལས་འགུལ་འགོ་འདྲེན་འཐབ་སྟེ་ གྲུབ་འབྲས་ལེགས་ཤོམ་ཐོན་ཡོདཔ་བཞིན་དུ་ མོ་བཏབ་བཟུམ་སྦེ་ འབྲུག་རྒྱལ་ཁབ་ནང་ གཞི་བཙུགས་འབདཝ་ཨིན་ཟེར་ ཨིན་པས།

ཧའི་གཱན་ལས་འགུལ་འགོ་འདྲེན་འཐབ་མི་མཁས་མཆོག་ ཡུ་མི་ཀོ་ ཀ་མོ་ག་ཝ་གིས་ བཤད་མི་དང་འཁྲིལཝ་ད་ འབྲུག་རྒྱལ་ཁབ་ནང་ ཕོཝ་གི་ཀེན་སར་དེ་ འཕྲལ་འཕྲལ་ར་ ཐོབ་ཡོད་པའི་ཤེས་རྟོགས་བྱུངམ་མ་ཚད་ ཕོཝ་གི་ཀེན་སར་དེ་ སྐྱེས་ལོ་༧༥ ལངམ་ད་ ཐོབ་དོ་ཡོདཔ་བཞིན་དུ་ སྐྱེས་ལོ་༧༥ ལངམ་ད་ ཤི་རྐྱེན་བརྒྱ་ཆ་ལས་ ༨ ལྷགཔ་ཅིག་ བྱུངམ་མས་ཟེར་ཨིན་པས།

དེ་བཟུམ་སྦེ་ ཇ་པཱན་ལུ་ཡང་ ཕོཝ་གི་ཀེན་སར་ལུ་བརྟེན་ ཤི་རྐྱེན་བྱུང་མི་དེ་ མར་ཕབ་དང་ ཀེན་སར་རྩ་མེད་གཏང་ཐབས་ལུ་ གློག་འཕྲུལ་ འཕྲུལ་ཆས་ལག་ལེན་འཐབ་སྟེ་ བརྟག་ཞིབ་འབད་བའི་ཁར་ སྨན་བཅོས་འབད་བའི་ཤུལ་ལས་ མཐར་འཁྱོལ་བྱུང་ཡི་ཟེར་ མཁས་མཆོག་གིས་ བཤདཔ་ཨིན་པས།

དེ་བཟུམ་སྦེ་ ཟླ་བ་ཁ་སྨན་ཁང་ནང་སྦེ་ མོ་བཏབ་ལས་འགུལ་ལུ་བརྟེན་ དུས་ཡུན་ཐུང་ཀུ་ཅིག་ནང་ མི་སེར་ཚུ་ བརྟག་ཞིབ་འབད་དེ་ ནད་གཞི་བདའ་ཟུན་མི་ སྨན་བཅོས་འབད་ནི་དང་ མི་སེར་ཚུ་ལུ་ གོ་བ་བརྡ་སྤྲོད་འབད་ནི་དེ་ ཨིན་ཟེར་ཨིན་པས།

ཀེན་སར་རྩ་མེད་གཏང་ནི་མོ་བཏབ་ལས་འགུལ་ལས་ གསར་བཏོན་འབད་མི་ སྙན་ཞུ་དང་འཁྲིལ་བ་ཅིན་ འཇིགས་ མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ སྤྱི་ལོ་༢༠༡༤ ལས་༢༠༡༧ ཚུན་ ཀེན་སར་ཐོ་བཀོད་འབད་མི་ནདཔ་༢༦༤༨ དང་ ཐོ་བཀོད་མ་འབད་རུང་ ནད་གཞི་ལུ་བརྟེན་ མི་༩༥༤ ལུ་ཤི་རྐྱེན་བྱུང་ནུག།

འབྲུག་རྒྱལ་ཁབ་ནང་ ཧི་ལོ་ཀོ་བེག་ཊར་ པའི་ལོ་རི་ནད་གཞི་དེ་ ཨ་ལོ་ཚུ་ལུ་ འཐོབ་ནིའི་ཉེན་ཁ་བརྒྱ་ཆ་༦༦ དང་ ཕོཝ་གི་ནད་གཞི་ གེསི་ཊའི་ཊི་ཟུན་མི་ལུ་ ཀེན་སར་ཐོབ་མི་བརྒྱ་ཆ་༨༠ ཡོད་རུང་ བཀག་ཐབས་འབད་ ཚུགས་ཟེར་ ཨིན་པས།

མོ་བཏབ་ཀྱི་ལས་རིམ་དེ་ ཇའི་ཀ་ལས་ཚོགས་ཀྱི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ འགོ་འདྲེན་འཐབ་དོ་ཡོདཔ་ད་ དེ་ཡང་ ཕོཝ་གི་ཀེན་སར་མར་ཕབ་འབད་ནི་དང་ གེསི་ཊི་ལུ་བརྟེན་པའི་ ཤི་རྐྱེན་མར་ཕབ་དེ་ཡང་ ཨེན་དོ་རོསི་ཀོ་པི་འཕྲུལ་རིག་ཐོག་ལས་ བརྟག་ཞིབ་འབད་དེ་ སྨན་བཅོས་འབད་ནི་ཨིན་པས།

མོ་བཏབ་ལས་འགུལ་ཐོག་ལས་ སྨན་བཅོས་མཁས་མཆོག་ཌོག་ཊར་༨ དེ་ཅིག་གིས་ འབྲུག་པའི་སྨན་བཅོས་ཌོག་ཊར་ཚུ་ལུ་ ཀེན་སར་ནད་གཞི་བདའ་ཟུན་གྱི་ འཕྲུལ་རིག་སྦྱོང་བརྡར་སོགས་ བྱིན་ནི་ཨིན་པས།

མོ་བཏབ་ལས་འགུལ་ལུ་བརྟེན་ མ་འོངས་པའི་ནང་ རྒྱལ་ཡོངས་ཕོཝ་གི་གེསི་ཊི་ཀེན་སར་ བཀག་ཐབས་ལས་རིམ་དང་ རྒྱལ་ཡོངས་གནས་ཚད་ནང་ཡང་ ལས་རིམ་འགོ་འདྲེན་འཐབ་སྟེ་ གདོང་ལེན་འབད་ནིའི་འཆར་གཞི་ཡོད་ཟེར་ སྙན་ཞུ་ནང་བཀོད་ནུག།

གསོ་བའི་ལྷན་ཁག་གི་ དྲུང་ཆེན་ཨྱོན་རྡོ་ཕུག་གིས་ སླབ་མིའི་ནང་ ཇ་པཱན་གྱིས་ གསོ་བའི་ལྷན་ཁག་རྐྱངམ་གཅིག་ལུ་མེན་པར་ ལྷན་ཁག་དང་ སྒེར་སྡེ་ག་ར་ལུ་ རྒྱབ་སྐྱོར་གནང་བཞིན་དུ་ཡོདཔ་མ་ཚད་ མ་འོངས་པའི་ནང་ཡང་ རྒྱབ་སྐྱོར་འབད་འོང་ཟེར་ བཀྲིན་དགའ་ཚོར་ བཤད་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *