ཀེ་བ་འཛུགས་སྐྱོང་ལུ་ བཙོན་ཤུགས་བསྐྱེད་དེ་ལཱ་འབད་མི་ ཕུརཔ་རྒྱལ་མཚན།

ཕོབ་སྦྱིསཔ་ཚུ་གིས་ ཀེ་བ་འཛུགས་སྐྱོང་ལུ་བརྟེན་ འཚོ་སྐྱོང་ལེགས་ཤོམ་སྦེ་ འཐབ་ཚུགས་དོ་ཡོདཔ་།

༉ ཕུན་ཚོགས་གླིང་རིན་བསྡུར་ཁང་ནང་ ཀེ་བ་ཚེང་སྒྱུར་འཐབ་མི་ཚུ་ འུར་བྱེལ་འཐབ་པའི་སྦུག་ལུ་ སོ་ནམ་པ་ ཕུརཔ་རྒྱལ་མཚན་དེ་ གཡང་ཟ་བག་ཟོན་ཐོག་ལུ་ སྡོད་མི་དེ་ཡང་ ཁོ་རའི་ཀེ་བ་ཚུ་ ཡོངས་འབྲེལ་ཐོག་ལས་ རིན་བསྡུར་འབད་ནིའི་དོན་ལུ་ ཕྱི་སེལ་རྐྱབ་ནིའི་འཕྲུལ་ཆས་ནང་ བཙུགས་ཡོད་མི་ལུ་བརྟེན་ཨིན་པས།
སྒང་སྟེང་རྒེད་འོག་ གངས་འཕེལ་ལས་ཨིན་མི་ ཕུརཔ་རྒྱལ་མཚན་གྱིས་ སླབ་མིའི་ནང་ ཁོ་གི་ ཀེ་བའི་ཐོན་སྐྱེད་ཐེངས་དང་པ་དེ་ ཕུན་ཚོགས་གླིང་ འབྲུག་ཟ་སྤྱོད་ལས་འཛིན་གྱི་ རིན་བསྡུར་ཁང་ནང་ འབག་འོང་ཡི་ཟེར་ཨིནམ་ད་ ཁོ་ལུ་ ཀེ་བ་སྣུམ་འཁོར་ཊཱག་༢ ཡོད་མི་དེ་གིས་ ཉིན་གྲངས་༢ ཀྱི་ནང་འཁོད་ལུ་ དངུལ་ཀྲམ་༧༠༠,༠༠༠ དེ་ཅིག་ ཐོབ་ཡོདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ མ་དངུལ་དེ་ལུ་བརྟེན་ ཁོ་རའི་ ནང་མི་བཟའ་ཚང་ཚུ་ ལོ་༡ དེ་ཅིག་ འཚོ་སྐྱོང་འཐབ་ཚུགས་པའི་ཁར་ ཁྱིམ་བཟོ་སྐྲུན་གྱི་དོན་ལུ་ སྐྱིན་འགྲུལ་ལེན་ཡོད་མི་དེ་ཡང་ ལོག་བཏབ་ཚུགས་ནི་མས་ཟེར་ཨིནམ་ད་ ད་རུང་ གཡུས་ཁ་ལུ་ ཀེ་བ་སྣུམ་འཁོར་ཊཱག་༢ དེ་ཅིག་ཡོད་ཟེར་ཨིནམ་ད་ ན་ཧིང་ ཀེ་བ་ལུ་བརྟེན་ ཁོ་གིས་ འོང་འབབ་དངུལ་ཀྲམ་༤༥༠,༠༠༠ དེ་ཅིག་ བཟོ་ཡོདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཀེ་བའི་གོང་ཚད་མཐོ་སུ་སྦེ་ཡོད་པའི་སྐབས་ ཀེ་བ་སྣུམ་འཁོར་ཊཱག་རེ་གིས་ དངུལ་ཀྲམ་༤༠༠,༠༠༠ དེ་ཅིག་ བཟོ་ཚུགས་པས་ཟེར་ཨིནམ་ད་ ད་རེས་ ཀེ་བ་ཀེ་ཇི་རེ་ལུ་ གོང་ཚད་དངུལ་ཀྲམ་༢༨ ལས་༣༦ འི་བར་ན་ ཐོབ་དོ་ཡོད་ཨིན་པས།
ཕུརཔ་རྒྱལ་མཚན་གྱིས་ ཡོངས་འབྲེལ་ཐོག་ལས་ རིན་བསྡུར་འབད་ནིའི་ བྱ་རིམ་ནང་བཙུགས་ཡོདཔ་ད་ ཡོངས་འབྲེལ་ལམ་ལུགས་ལུ་བརྟེན་ མི་སེར་ཚུ་ རང་སོའི་ཀེ་བ་ཚུ་ གཡུས་ཁ་ལས་ ཕྱི་སེལ་འབད་མ་དགོཔ་ཨིན་པས།
གཡུས་ཁ་ལུ་ ཀེ་བ་ཕྱི་སེལ་རྐྱབ་ནིའི་དོན་ལུ་ ཟད་འགྲོ་ཐེབས་གནས་དོ་ཡོདཔ་ད་ དེ་ཡང་ ལས་མི་རེ་ལུ་ ཉིན་བསྟར་བཞིན་དུ་ བཞེས་སྒོ་མ་བརྩིས་བར་ གླ་ཆ་དངུལ་ཀྲམ་༣༥༠ ལས་༤༠༠ འི་བར་ན་ སྤྲོད་དགོ་དོ་ཡོདཔ་ད་ ཡོངས་འབྲེལ་ཐོག་ལས་ ཕྱི་སེལ་འབད་ནིའི་ལམ་ལུགས་ནང་ ཀེ་བ་དབྱེ་ཁག་༣ སྦེ་ ཕྱི་སེལ་འབད་དོ་ཡོད་པའི་ཁར་ གོང་ཚད་འགྲན་བསྡུར་གྱི་ཧེ་མར་ གནས་ཚད་ཅན་གྱི་ དོ་ཚད་ཡང་ བཟོ་དོ་ཡོདཔ་ལས་ ཡོངས་འབྲེལ་ཐོག་ ཚོང་མགྲོན་པ་༡༠ དེ་ཅིག་གི་ རིན་བསྡུར་འབད་དོ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ སོ་ནམ་པ་ ཨྱོན་ནོར་བུ་གིས་ སླབ་མིའི་ནང་ ཕུརཔ་རྒྱལ་མཚན་དེ་ བརྩོན་ཤུགས་ཅན་གྱི་ མི་ཅིག་ཨིན་ཟེར་ཨིནམ་ད་ ཀེ་བའི་ཐོན་ཤུགས་མཐོ་ཤོས་ འབག་འོང་མི་ཅིག་ ཁོ་རྐྱངམ་གཅིག་ཨིན་ཟེར་ ཨིན་པས།
ལོ་བསྟར་བཞིན་དུ་ རྒྱལ་ཁབ་ནང་འཁོད་ལས་ མི་སེར་སོ་ནམ་པ་ཚུ་གིས་ ཕུན་ཚོགས་གླིང་གི་རིན་བསྡུར་ཁང་ནང་ ཀེ་བ་ཚུ་འབག་འོང་དོ་ཡོདཔ་ད་ ཕོབ་སྦྱིས་ཁའི་མི་སེར་ཚུ་གིས་ ཕྱི་དང་ ཆུམ་ དེ་ལས་ དགོས་མཁོ་ཅན་གྱི་ ཅ་ཆས་ཚུ་ ཉོ་དོ་ཡོད་པའི་ཁར་ ལ་ལོ་ཅིག་གིས་ སྣུམ་འཁོར་ཡང་ ཉོ་དོ་ཡོདཔ་ད་ ཕུརཔ་རྒྱལ་མཚན་གྱིས་ སླབ་མིའི་ནང་ ལཱ་རྩ་འགེངས་འབད་ཚུགས་པ་ཅིན་ སོ་ནམ་ལུ་བརྟེན་ འོང་འབབ་བཟོ་ཚུགས་པས་ཟེར་ཨིན་པས།
དུས་ཅི་གི་ འོང་འབབ་ལུ་ལྟ་སྟེ་ སེམས་ཤུགས་ཐོབ་མི་ལུ་བརྟེན་ ན་གཞོན་ཚུ་གིས་འབད་རུང་ དངུལ་ཐོག་གི་ སོ་ནམ་ལཱ་ཚུ་ འབད་དགོཔ་འདུག་ཟེར་ སླབ་ཨིན་པས།
སོ་ནམ་གྱི་ལཱ་ལུ་བརྟེན་ གཡུས་ཁ་ལུ་ མི་ཚེ་ལེགས་ཤོམ་སྦེ་ སྐྱོང་ཚུགས་པས་ཟེར་ ཁོ་གིས་ སླབ་ཡོདཔ་ད་ ད་རེས་ནངས་པར་ ན་གཞོན་མང་ཤོས་ར་ གཞུང་གཡོག་རྐྱབ་ནི་རྐྱངམ་གཅིག་ གདམ་ཁ་རྐྱབ་སྟེ་ མིག་ཏོག་སྦོམ་ལྟ་མི་ ཙང་ཙ་ཨིན་མས་ཟེར་ ཨིན་པས།
ཕུརཔ་རྒྱལ་མཚན་གྱིས་ སླབ་མིའི་ནང་ གངས་འཕེལ་ལུ་ ཀེ་བའི་དུས་ཚོད་སྐབས་ ན་གཞོན་ཚུ་གིས་ མི་གཞན་གྱི་ ས་གཞི་ནང་ ལཱ་འབད་མི་ལུ་བརྟེན་ ཉིན་བསྟར་བཞིན་དུ་ གླ་ཆ་དངུལ་ཀྲམ་༤༠༠ ལས་༥༠༠ འི་བར་ན་ བཟོ་ཚུགས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ད་རེས་ནངས་པ་ དངུལ་ཕོགས་ཐོབ་མི་དེ་གིས་ ན་གཞོན་ཚུ་ལུ་ སེམས་ཤུགས་བྱིན་མི་ཚུགས་པས་ཟེར་ཨིནམ་ད་ ཕམ་ཕྱུགཔོ་མེན་པ་ཅིན་ ལཱ་རྩ་འགེངས་འབད་དགོཔ་འདུག་ཟེར་ཨིན་པས།
ཕུརཔ་རྒྱལ་མཚན་གྱིས་ སླབ་མིའི་ནང་ ཁོ་ར་ འགོ་དང་པ་ ཕུན་ཚོགས་གླིང་ལུ་ ཀེ་བ་འབག་འོང་མི་དེ་ དཔྱད་རིག་ གཏང་མི་ཚུགས་པས་ཟེར་ཨིནམ་ད་ ད་རེས་ ཚོང་འབྲེལ་གྱི་ལམ་ལུགས་ཐད་ཁར་འབད་རུང་ འགྱུར་བ་སྦོམ་སོ་ནུག་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ གོང་ཚད་ཉུང་སུ་ཨིན་རུང་ ཏི་རུ་གི་ ཤུགས་སྦོམ་ཡོད་ཟེར་ཨིནམ་ད་ ཁོ་གིས་འབད་བ་ཅིན་ ཡོངས་འབྲེལ་ལམ་ལུགས་ཐོག་ལས་ ད་རུང་ ཀེ་བ་རིན་བསྡུར་འབད་ནི་ལུ་ གྲ་སྒྲིག་ཡོད་ཟེར་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཉིམ་རྡོ་རྗེ།

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *