བདེ་སྲུངཔ་ཚུ་གིས་ ལ་དུག་ཐོབ་མི་ ནགས་ཚལ་ལས་བྱེདཔ་དེ་ དཔྱ་ཤིང་གུ་བཀལ་ཏེ་ ལ་ཁ་ལས་མར་ འབག་འོང་པའི་བསྒང་།

ཕོབ་སྦྱིས་ཁའི་བདེ་སྲུངཔ་ཚུ་གིས་ ནགས་ཚལ་ལས་བྱེདཔ་ཅིག་ སྲོག་སྐྱབས་འབད་ཡོདཔ།

༉ དབང་འདུས་ཕོ་བྲང་ ཕོབ་སྦྱིས་ཁ་སློབ་གྲྭ་ལྟེ་བའི་ སློབ་དཔོན་དང་ བདེ་སྲུང་འགོ་བྱེདཔ་གིས་ ནགས་ཚལ་འགོ་དཔོན་༤ ལུ་ བདེ་སྲུང་གི་རྒྱབ་སྐྱོར་དགོ་པའི་ སྙན་ཞུ་འབད་བའི་སྐབས་ དེ་ཚེ་དྲོ་པའི་ཆུ་ཚོད་༡:༣༠ ལུ་ སློབ་གྲྭ་ལྟེ་བའི་ སློབ་དཔོན་༢༠ དེ་ཅིག་ ཡུ་རོ་༢༠༢༠ འི་ཕུཊ་བཱོལ་མཐའ་དཔྱད་འགྲན་བསྡུར་ བལྟ་སྡོད་ནུག།

སྤྱི་ཟླ་༧ པའི་ཚེས་༡༡ ལུ་ ནགས་ཚལ་ལས་བྱེདཔ་༤ ཇོ་བོ་དུར་ཤིང་ (Black Mountain) ལུ་ ཤ་བདའ་མི་ཡོད་མེད་ ལྟ་རྟོག་འབད་བར་འགྱོཝ་ད་ ལས་བྱེདཔ་ཅིག་ལུ་ ལ་དུག་ཐོབ་ཡོདཔ་ད་ ལྟ་རྟོག་སྡེ་ཚན་དེ་ སྤྱི་ཟླ་༧ པའི་ཚེས་༦ ལུ་ ཀྲོང་གསར་ལས་ ཇོ་བོ་དུར་ཤིང་ཁ་ཐུག་ལུ་ སོང་ཡོདཔ་ཨིན་པས།

སྤྱི་ཟླ་༧ པའི་ཚེས་༡༠ ལུ་ སྡེ་ཚན་དེ་ མཐོ་ཚད་མི་ཊར་༣,༨༠༠ གི་ས་ཁར་ གདུང་ཤིང་ཐང་ལུ་ ལྷོད་ཡོདཔ་ད་ སྡེ་ཚན་འགོ་ཁྲིདཔ་ ཀརྨ་མཆོད་རྟེན་གྱིས་ སླབ་མིའི་ནང་ དེ་ཚེ་ ནགས་ཚལ་ལས་བྱེདཔ་ཅིག་ གློ་ཤུགས་སྦེ་འབར་ནི་ འགོ་བཙུགས་པའི་སྐབས་ ཚ་རིམས་ཨིན་མས་ཟེར་ བཞག་ཅི་ཟེར་ཨིན་པས།

ཨིན་རུང་ སྤྱི་ཟླ་༧ པའི་ཚེས་༡༡ གི་ཕྱི་རུ་ ལས་བྱེདཔ་དེ་ ཤུགས་སྦེ་ར་ན་ནི་ འགོ་བཙུགས་པའི་ཤུལ་ལས་ ཁོང་ཆ་ཁྱབ་ དེ་འཕྲོ་ལས་ ཁ་མར་བལྟ་འབབ་ནི་ འགོ་བཙུགས་ཡོདཔ་ད་ གདུང་ཤིང་ཐང་ལས་ ལོག་འོངམ་ད་ དང་པ་ར་ གྱེན་འཛེགས་དགོ་པའི་ ས་ཁོངས་དེ་ མཐོ་ཚད་མི་ཊར་༤,༢༠༠ དེ་ཅིག་ཡོདཔ་ལས་ ནདཔ་ལུ་ ལཱ་ཁག་བཏང་བཏངམ་འོང་ཟེར་ ཀརྨ་མཆོད་རྟེན་གྱིས་ བཤདཔ་ཨིན་པས།

འགོ་དཔོན་ཅིག་ ཉེ་འདབས་ལུ་ཡོད་མི་ གཡག་དང་ལུག་འཚོ་མི་ཚུ་འབད་སར་ རྟ་འཚོལ་བར་སོངམ་ད་ རྟ་མ་ཐོབ་རུང་ གཡག་རྫིཔ་༣ གྱིས་ ལྟ་རྟོག་སྡེ་ཚན་གྱི་ ཁུར་ཆ་ཚུ་ འབག་ནི་ལུ་ ཆ་རོགས་འབད་ཡོདཔ་བཞིན་དུ་ ཁོང་ཆ་ཁྱབ་ སྤྱི་ཟླ་༧ པའི་ཚེས་༡༡ གི་ ཕྱི་རུའི་ཆུ་ཚོད་༦ ལུ་ ཁ་མར་བལྟ་སྟེ་འོང་ནི་ འགོ་བཙུགས་ནུག།

ཁོང་གིས་ དུས་ཡུན་ཆུ་ཚོད་༡༢ ཀྱི་རིང་ ལམ་འགྲུལ་འབད་ཡོདཔ་ད་ སྤྱི་ཟླ་༧ པའི་ཚེས་༡༢ ཀྱི་དྲོ་པའི་ཆུ་ཚོད་༣:༣༠ དེ་ཅིག་ཁར་ ཕོབ་སྦྱིས་ཁའི་ བདེ་སྲུངཔ་༩ དང་ ལམ་སྟོན་པ་ཅིག་ ནགས་ཚལ་ལས་བྱེདཔ་ཚུ་ལུ་ ཆ་རོགས་འབད་བར་སོང་ནུག། 

བདེ་སྲུངཔ་ཚུ་ཡང་ ཕོབ་སྦྱིས་ཁ་སློབ་གྲྭ་ལྟེ་བའི་ སློབ་དཔོན་ཚུ་ཨིནམ་ད་ སློབ་གྲྭའི་དབུ་འཛིན་ ཀུན་དགའ་བསྟན་འཛིན་གྱིས་ སླབ་མིའི་ནང་ སློབ་དཔོན་ག་ར་གིས་ ཆ་རོགས་འབད་བར་ འགྱོ་ནི་ལུ་ སྤྲོ་བ་ཡོད་རུང་ ཨ་ལོ་ཚུ་གི་ ཆོས་རྒྱུགས་ཡོདཔ་ལས་ ག་ར་ གཏང་མ་ཚུགས་ཟེར་ཨིན་པས།

དབུ་འཛིན་དེ་ཡང་ བདེ་སྲུངཔ་གི་ སྡེ་ཚན་ནང་ཡོདཔ་ད་ ཁོང་གིས་ རྟ་༦ བདའ་སོང་ཡོདཔ་ད་ ལམ་ཁར་ནགས་ཚལ་ལས་བྱེདཔ་སྡེ་ཚན་དང་ཕྱད་དེ་ ནདཔ་ལུ་ ཟད་བཅུད་གུ་ལུ་ཀོསི་ བྱིན་ཡོདཔ་བཞིན་དུ་ ནདཔ་དེ་ དཔྱ་ཤིང་གུ་བཀལ་ཏེ་ འབག་འོང་ཡི་ཟེར་ཨིན་པས།

བདེ་སྲུངཔ་༨ ཀྱིས་ ནདཔ་དེ་ དུས་ཡུན་ཆུ་ཚོད་༣ དེ་ཅིག་ འབག་འོང་པའི་ཤུལ་ལུ་ འུ་སྡུག་ཡོདཔ་ལས་ བདེ་སྲུངཔ་ཐེབས་༡༥ དགོ་པའི་སྐོར་ལས་ སྙན་ཞུ་འབད་ཡོདཔ་ད་ ད་རུང་ མང་ཤོས་ར་ སློབ་དཔོན་ཚུ་ཨིན་མི་ བདེ་སྲུངཔ་སྡེ་ཚན་ཅིག་ འོང་མི་དེ་ནང་ ཕོབ་སྦྱིས་ཁའི་ཚོགས་པ་དང་ སྨན་ཁང་གི་ཌོག་ཊར་ཅིག་ཡང་ ཡོདཔ་ཨིན་པས།

བདེ་སྲུང་འགོ་བྱེདཔ་ མགོནམ་ཚེ་རིང་གིས་ སླབ་མིའི་ནང་ ཁོང་གི་ དམིགས་ཡུལ་དེ་ ནགས་ཚལ་ལས་བྱེདཔ་ སྲོག་སྐྱབས་འབད་ནི་དེ་ཨིན་རུང་ སྡེ་ཚན་ལུ་ཡང་ ཚ་གྱང་ལང་དགོཔ་བྱུང་ཡི་ཟེར་ཨིནམ་ད་ སྡེ་ཚན་༢ པ་དེ་ སྤྱི་ཟླ་༧ པའི་ཚེས་༡༢ ཀྱི་ དྲོ་པའི་ཆུ་ཚོད་༡༡ ལུ་ འགྱོ་བའི་སྐབས་ སྡེ་ཚན་དང་པ་དང་ ཉིན་མའི་ཆུ་ཚོད་༣:༣༠ ལུ་ ཕྱད་ཚུགས་ནུག།

དེ་ལས་ ནདཔ་དེ་ བདེ་སྲུངཔ་སྡེ་ཚན་༢ པ་གིས་ འབག་འོང་ཡོདཔ་ལས་ འཁོར་ལམ་ཁར་ ཕྱི་རུའི་ཆུ་ཚོད་༥:༣༠ དེ་ཅིག་ཁར་ ལྷོད་ཡོདཔ་ད་ ནགས་ཚལ་ལས་བྱེདཔ་དེ་ གཞི་རྟེན་སྨན་ཁང་ནང་ བཞག་པའི་ཤུལ་ལས་ སྤྱི་ཟླ་༧ པའི་ཚེས་༡༣ ལུ་ ཁྱིམ་ནང་བཏང་ཡོདཔ་ཨིན་པས།

ཀརྨ་མཆོད་རྟེན་གྱིས་ སླབ་མིའི་ནང་ བདེ་སྲུངཔ་ཚུ་དང་གཅིག་ཁར་ འབྲེལ་བ་འཐབ་ནི་མེད་རུང་ ཁོང་གིས་ ལཱ་འབད་མི་དང་ ཆ་རོགས་ཚུ་ སྲོག་སྐྱབས་འབད་བའི་ ཉམས་མྱོང་ལུ་ བལྟ་བ་ཅིན་ བདེ་སྲུངཔ་དེ་ ག་དེམ་ཅིག་ ཁག་ཆེཝ་ཨིན་ཟེར་ ཧ་གོ་ཡི་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ བདེ་སྲུངཔ་དང་ འགོ་འཛིན་པ་གིས་ དེ་འཕྲོ་ལས་ ངོས་ལེན་འབད་མི་ལུ་བརྟེན་ སྲོག་སྐྱབས་དེ་ མཐར་འཁྱོལ་བྱུང་ཡི་ཟེར་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *