རྨ་སྐྱོན་ཚུ་ དྲག་སྟེ་ཡོད་མི་ ཁྲུང་ཁྲུང་སྐེ་ནག་ པདྨ་དང་ཀརྨ།

ཕོབ་སྦྱིས་ཁ་དང་ སྒང་སྟེང་ལུང་གཤོང་གི་ ཁྲུང་ཁྲུང་སྐེ་ནག་ པདྨ་དང་ཀརྨའི་ལོ་རྒྱུས།

༉ སྤྱི་ལོ་༢༠༡༦ ལུ་ ཁྲུང་ཁྲུང་སྐེ་ནག་ ཀརྨ་གི་ལོ་རྒྱུས་དེ་ སྒང་སྟེང་དང་ ཕོབ་སྦྱིས་ཁ་གི་ ཁྲུང་ཁྲུང་འཁྱམས་སའི་ས་ ཁོངས་ནང་ རྨ་སྐྱོན་བྱུང་ཡོདཔ་སྦེ་ མཐོང་བའི་ཤུལ་ལས་ འགོ་བཙུགས་ཡོདཔ་ཨིན་པས།

ཀརྨ་དེ་ གཤོག་སྒྲོ་ལུ་ རྨ་སྐྱོན་བྱུང་ནི་དེ་གིས་ འཕུར་མ་ཚུགས་པར་ལུས་ཡོདཔ་ད་ སྤྱི་ལོ་༢༠༡༦ ཟླ་༡ པ་ལས་འགོ་ བཙུགས་ ལོ་༢ ཀྱི་རིང་ ལུང་གཤོང་ནང་ ཁྲུང་ཁྲུང་བལྟ་སའི་ ལྟེ་བའི་ཉེ་འདབས་ལུ་ སྦ་སྒོར་ཆུང་ཀུ་ཅིག་ བཟོ་ཡོད་མིའི་ནང་ མེ་ལོང་ནང་མཐོང་མི་ ཁོ་རའི་གྱིབ་མ་དང་གཅིག་ཁར་ སྡོད་དོ་ཡོདཔ་ཨིན་པས།

ད་རེས་འབདཝ་ད་ བསྒྱུར་བཅོས་སྦོམ་སོང་ཡོདཔ་ལས་ སྦ་སྒོར་གྱི་ཚབ་ ཁྱིམ་བཟོ་ཡོད་མིའི་ནང་ མི་དབང་རྒྱལ་ཡུམ་སངས་རྒྱས་ཆོས་སྒྲོན་དབང་ཕྱུག་མཆོག་གིས་ པདྨ་ཟེར་མིང་བཏགས་མི་ ཁྲུང་ཁྲུང་མོ་ཅིག་དང་གཅིག་ཁར་ སྡོདཔ་ཨིན་པས།

ཁྲུང་ཁྲུང་སྐེ་ནག་བལྟ་སའི་ ལྟེ་བའི་འཛིན་སྐྱོང་པ་ སན་ཏ་ལཱལ་ གཇ་མིར་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ ཀརྨ་དེ་ ཟླཝ་༦ དེ་ཅིག་ལངམ་ད་ འཁྱམས་སའི་ས་ཁོངས་ནང་ ལུས་སོ་ནུག་ཟེར་ཨིན་པས།

ད་རེས་ ཀརྨ་དེ་ ན་ལོན་གྱི་གྲངས་སུ་ཨིན་པའི་ བརྡ་མཚོན་ལུ་ རྒྱན་དམརཔོ་འབད་མི་ཅིག་ བཏགས་ཏེ་ཡོདཔ་སྦེ་ མཐོང་ པའི་ཁར་ སན་ཏ་ལཱལ་གཇ་མིར་གྱིས་ སླབ་མིའི་ནང་ བྱ་ཁྱིམ་དེ་ སྤྱི་ལོ་༢༠༡༨ ལུ་ ཀརྨ་གི་དོན་ལུ་ ཞལ་འདེབས་བསྡུ་སྟེ་ རྐྱབ་ཡོདཔ་ཨིན་པས།

པདྨ་དེ་ ན་ཧིང་ སྤྱི་ཟླ་༡༢ པའི་ནང་ ཀྲོང་གསར་གྱི་ས་གནས་ གླང་མཐིལ་ལུ་ ན་ལོན་སྦེ་མཐོང་བའི་ཤུལ་ལས་ ལྟེ་བ་ནང་ ཀརྨ་དང་གཅིག་ཁར་ བཞག་ཡོདཔ་ཨིན་པས།

ཨིན་རུང་ ཁོང་༢ ཀྱི་བར་ན་ མཐུན་འབྲེལ་བཟོ་ཚུགས་པར་ ཟླཝ་༡ དེ་ཅིག་ འགོར་ཡོདཔ་ད་ རྒྱལ་ཡོངས་ཁྲུང་ཁྲུང་ཉམས་སྲུང་གི་ མཉམ་འབྲེལ་བ་ འཇིགས་མེད་ཚེ་རིང་གིས་ སླབ་མིའི་ནང་ པདྨ་གི་གཤོག་སྒྲོ་ལུ་ རྨ་སྐྱོན་བྱུང་མི་ཚུ་ དྲག་ཡོད་རུང་ ལྟེ་བ་གིས་ འཕུར་ཚུགས་མི་ཚུགས་ བལྟ་དགོ་པས་ཟེར་ཨིན་པས།

ང་བཅས་ཀྱིས་ ཉེན་ཁ་འབག་སྟེ་ མོ་རང་རྐྱངམ་གཅིག་སྦེ་ གཏང་མི་ཚུགས་ཟེར་ཨིནམ་ད་ ཕྱི་ཁར་བཏང་པ་ཅིན་ འཕུར་མ་ཚུགས་པའི་ ཉེན་ཁ་འདུག་ཟེར་ཨིན་པས།

ཁོང་༢ གཅིག་ཁར་བཞག་པའི་ཤུལ་ལས་ འཛིན་སྐྱོང་པ་ སན་ཏ་ལཱལ་ གཇ་མིར་དང་ ལྟེ་བའི་ལས་བྱེདཔ་ཚུ་གིས་ མཐུན་ འབྲེལ་བཟོ་ནི་ འགོ་བཙུགས་ཡོདཔ་ཨིན་པས།

འགོ་དང་པ་ གཅིག་ཁར་བཞགཔ་ད་ ཀརྨ་གིས་ འཕྲལ་འཕྲལ་སྦེ་ར་ མཆོ་ཏོ་གསོབ་ནི་དང་ འཕྲལ་འཕྲལ་སྐབས་ར་ བརྡུང་ནི་ཚུ་ མ་ཆད་པར་འབདཝ་ད་ པདྨ་གིས་ བྱོག་སྟེ་ར་ སྡོད་འོང་ཟེར་ཨིན་པས།

དེ་འབདཝ་ལས་ སན་ཏ་ལཱལ་གཇ་མིར་གྱིས་ སླབ་མིའི་ནང་ ལྟ་མི་སྡེ་ཚན་གྱིས་ བྱ་ཁྱིམ་གྱི་བར་ན་ལས་ དྲྭཝ་བཙུགས་ཏེ་ ཀརྨ་དང་པདྨ་༢ ཁྱིམ་ཅིག་ནང་ གཅིག་ཁར་བཞག་རུང་ བར་ན་ལས་ དྲྭཝ་གིས་གཅད་རྐྱབ་སྟེ་ བཞག་ཡི་ཟེར་ཨིན་པས།

ཤུལ་ལས་ དྲྭཝ་དེ་གི་ཕྱོགས་གཉིས་ལས་ དོང་བཟོ་བའི་སྐབས་ ཀརྨ་གིས་གནོདཔ་བཀལཝ་ད་ པདྨ་གིས་ླ ཕྱོགས་གཞན་ནང་ལས་ འཐོན་འགྱོ་ནི་ཡོད་ཟེར་ འཛིན་སྐྱོང་པ་གིས་ླསླབ་ཨིན་པས།

འགྲོས་ཀྱིས་སྦེ་ ཁོང་༢ ཀྱི་མཐུན་ལམ་དེ་ ལེགས་ཤོམ་སོང་ཡོད་རུང་ ཉིན་གྲངས་༡༥ དང་༢༠ དེ་ཅིག་ འགོར་སོ་ཡི་ཟེར་ཨིནམ་ད་ ད་ལྟོ་ མཐུན་ལམ་ལེགས་ཤོམ་ཡོདཔ་ལས་ སྐད་གཅིག་ཁར་ རྐྱབ་དོ་ཡོད་མི་དེ་གིས་ ཁོང་༢ ཆ་རོགས་ཨིནམ་ ཤེས་ཚུགས་པས་ཟེར་ཨིན་པས།

ཁོ་གིས་བཤད་མིའི་ནང་ པདྨ་དང་གཅིག་ཁར་ མཐུན་ལམ་ལེགས་ཤོམ་སོང་བའི་ཤུལ་ལས་ ཀརྨ་གིས་ ལྟེ་བའི་ལས་བྱེདཔ་ཚུ་ ལུ་ བྱ་སྤྱོད་བཏོན་ནི་དེ་ཡང་ བསྒྱུར་བཅོས་སོང་ཡི་ཟེར་ཨིན་པས།

ཧེ་མ་འབད་བ་ཅིན་ བལྟ་བར་འོང་མི་ཚུ་ ལས་བྱེདཔ་དང་གཅིག་ཁར་འགྱོ་རུང་ སྤྱོད་པ་རྩུབ་དྲགས་བཏོན་ནི་ཡོད་ཟེར་ཨིནམ་ད་ ད་རེས་ དེ་བཟུམ་འབད་ནི་ མིན་འདུག་ཟེར་ཨིན་པས།

ད་རེས་ པདྨ་དང་ཀརྨ་༢ ཁྱིམ་ནང་གཅིག་ཁར་སྡོད་དེ་ སྤྱི་མཐུན་གྱི་སྐད་རྐྱབ་ས་ མཐོང་པའི་ཁར་ ཁྱིམ་ནང་ཡོད་མི་ ཆུ་ རྫིང་བཟོ་མིའི་ནང་ གཅིག་ཁར་འཁྱུ་དོ་ཡོད་པའི་ཁར་ ཟེགསམ་ཡང་གཅིག་ཁར་ བཟའ་སར་མཐོངམ་ཨིན་པས།

འཇིགས་མེད་ཚེ་རིང་གིས་སླབ་མིའི་ནང་ ཁྲུང་ཁྲུང་ཚུ་ གཅིག་ཁར་སྡོད་ནི་ལུ་ ཆ་རོགས་དགོ་མི་ཅིག་ཨིནམ་ལས་ ཁོང་༢ ཀྱི་བར་ན་ མཐུན་ལམ་ལེགས་ཤོམ་ཡོདཔ་ལས་ གཅིག་གཏང་རུང་ ཤི་ནིའི་ཉེན་ཁ་ཡོད་ཟེར་ཨིན་པས།

ང་བཅས་ཀྱིས་ གཅིག་གཏང་པ་ཅིན་ ཁོང་༢ ཡ་བྲལ་གཏང་དོ་བཟུམ་ཅིག་ འོང་ནི་མས་ཟེར་ ཁོ་གིས་བཤད་པའི་ཁར་ བལྟ་བར་འོང་མི་ཚུ་གིས་ ཁྲུང་ཁྲུང་༢ ཀྱིས་ ཕྱུ་གུ་འཚའ་ནིའི་འོས་འབབ་སྐོར་ལས་ བློ་སླབ་ད་ པདྨ་གི་གཤོག་སྒྲོ་གཡོནམ་དེ་ མེདཔ་བཏང་ཡོདཔ་ལས་ འདོད་སྤྱོད་འབད་ནི་ལུ་ ལཱ་ཁག་གཏང་ནི་མས་ཟེར་ སླབ་ཨིན་པས།

ཁོ་གིས་སླབ་མིའི་ནང་ ཁྲུང་ཁྲུང་ལྟེ་བའི་ནང་ ཁྲུང་ཁྲུང་ཕོ་ཚུ་ འདོད་སྤྱོད་འབད་བཅུག་ནིའི་དོན་ལུ་ མོ་གི་ཐོག་ཁར་བཀལ་ཏེ་ གཤོག་སྒྲོ་གཉིས་ཆ་རང་བཟུང་སྟེ་ ཁྱད་མཉམ་བཟོ་བྱིན་དགོ་ཟེར་ཨིན་པས།

ཨིན་རུང་ ལྟེ་བ་དང་ རྒྱལ་འཛིན་རང་བཞིན་སྲུང་སྐྱོབས་ཚོགས་སྡེ་གིས་ རྨ་བཏོན་བྱུང་མི་ ཁྲུང་ཁྲུང་ཚུ་ བཞག་ནི་དང་ སྨན་ བཅོས་འབད་ནིའི་དོན་ལུ་ བྱ་ཁྱིམ་དེ་ནང་གི་ས་ཁོངས་ རྒྱ་བསྐྱེད་འབད་ནིའི་དོན་ལུ་ ཡུ་ཨེས་ཌོ་ལར་༣༢,༠༠༠ དེ་ཅིག་ དགོ་ པས་ཟེར་ཨིན་པས།

འཇིགས་མེད་ཚེ་རིང་གིས་ སླབ་མིའི་ནང་ རྒྱལ་སྤྱིའི་གནས་ཚད་དང་འཁྲིལཝ་ད་ ད་ལྟོའི་ བྱ་ཁྱིམ་གྱི་ས་ཁོངས་དེ་ ཁྱད་ཚད་དང་ལྡན་རུང་ ནང་ནའི་གནས་སྟངས་དེ་ ལེགས་བཅོས་འབད་དགོཔ་ཡོད་ཟེར་ཨིན་པས།

བྱ་ཁྱིམ་ནང་ན་ རང་བཞིན་གྱི་ཟེགསམ་ཚུ་ཡང་ རྫོགས་དོ་ཡོདཔ་ལས་ བཟོ་བཟོཝ་གི་ ཟེགསམ་བྱིན་དོ་ཡོདཔ་ད་ རྒྱ་བསྐྱེད་འབད་བའི་ཤུལ་ལས་ རང་བཞིན་བཟུམ་སྦེ་ར་ བཞག་ནིའི་འཆར་གཞི་ཡོད་ཟེར་ཨིན་པས།

ཟེགསམ་འབད་རུང་ རང་བཞིན་གྱི་ཚུ་ འཐོབ་ཚུགསཔ་བཟོ་སྟེ་ ཁ་སྐོང་སྦེ་ བཟོ་བཟོཝ་གི་རིགས་ཚུ་ བྱིན་ནི་ཟེར་ཨིན་པས།

ད་རེས་ ཁྲུང་ཁྲུང་༢ ལུ་ སྐར་མ་ཕིཌ་ཟེགསམ་ བྱིན་དོ་ཡོདཔ་ད་ ཁྲུང་ཁྲུང་ཚུ་གིས་ ཚལ་མ་ནང་འབད་བ་ཅིན་ ལོ་ངོ་༣༥ དང་༤༠ གི་བར་ན་ སྡོདཔ་ཨིན་རུང་ བཟུང་སྟེ་གསོ་བ་ཅིན་ དེ་བ་མངམ་སྦེ་ སྡོད་དོ་ཡོདཔ་ཨིན་པས།

ད་ལྟོ་ཚུན་ སའི་བི་རི་ཡཱན་གྱི་ ཁྲུང་ཁྲུང་སྐེ་ནག་ཚུ་གིས་ ལོ་༨༢ སྡོད་པའི་ཐོ་བཀོད་ཡོདཔ་ད་ ཀརྨ་དེ་ ད་ལྟོ་ ལོ་༦ དང་༧ དེ་ཅིག་ ལང་ཡོདཔ་ལས་ ཁོ་གིས་ ལོ་༤༠ ལྷགཔ་ཅིག་ སྡོད་ཚུགས་ནི་ཨིནམ་ལས་ བདག་འཛིན་འཐབ་དགོ་ཟེར་ཨིན་པས།

འཕྲལ་འཕྲལ་སྦེ་ར་ ནད་གཞི་ཚུ་ཡོད་མེད་ཀྱི་ བརྟག་དཔྱད་འབད་དོ་ཡོདཔ་ད་ ཞལ་འདེབས་ཀྱི་དོན་ལུ་ རྒྱལ་འཛིན་རང་བཞིན་སྲུང་སྐྱོབ་ཚོགས་སྡེའི་ ཡོངས་འབྲེལ་ནང་ལས་ འབད་ཚུགས་ནི་ཨིན་པའི་གནས་ཚུལ།

About admin

Check Also

དྲིན་ཅན་ཕམ་ལུ་ དྲིན་ལན་འཇལ་དགོ་པའི་རྒྱབ་ཁུངས་དང་ དྲིན་ལན་འཇལ་ནིའི་ཐབས་ལམ།

༉ རང་ཟླ་༩ པའི་ཚེས་༢༢ ལུ་ ལྷ་བབས་དུས་ཆེན་གྱི་ཉིནམ་འདི་ དྲིན་ཅན་ཕ་མའི་ཉིནམ་སྦེ་ བརྩི་སྲུང་ཞུཝ་ཨིན།  དེ་སྦེ་བརྩི་སྲུང་འབད་དགོ་པའི་ དམིགས་ཡུལ་གཙོ་བོ་ར་ དྲིན་ཅན་ཕམ་ལུ་ དྲིན་ལན་འཇལ་དགོཔ་ ཁག་ཆེཝ་ཨིནམ་ ཤེས་ནིའི་དོན་ལུ་ཨིན། ཕམ་ཚུ་ལུ་ དྲིན་ལན་འཇལ་དགོ་པའི་ཁུངས་ …

Leave a Reply

Your email address will not be published. Required fields are marked *