ཕོངས་མེད་རྒེད་འོག་ནང་ རླུང་འཚུབས་ཀྱིས་ གནོད་སྐྱོན་རྐྱབ་མི་ གེ་ཟ་ཞིང་ཚུ།

ཕོངས་མེད་རྒེད་འོག་ནང་ རླུང་འཚུབས་ཀྱིས་ གུང་པ་༨༧ གྱི་གེ་ཟ་ཞིང་ཚུ་ གནོད་སྐྱོན་རྐྱབ་ཡོདཔ།

༉ སྤྱི་ཟླ་༨ པའི་ཚེས་༡༢ ལུ་ བཀྲིས་སྒང་ ཕོངས་མེད་རྒེད་འོག་གི་ ཁྱིམ་གུང་པ་༨༧ གྱི་ གེ་ཟ་ཞིང་ཨེ་ཀར་༤༥ ལྷགཔ་ཅིག་ རླུང་འཚུབས་ཀྱིས་ གནོད་སྐྱོན་རྐྱབ་ནུག།
དེ་ཡང་ ས་གནས་ཀྱི་ མི་ཚུ་དང་འཁྲིལ་བ་ཅིན་ རླུང་འཚུབས་དེ་ ཉིན་མའི་ཆུ་ཚོད་༢:༣༠ དེ་ཅིག་ལུ་ བྱུང་ཡི་ཟེར་ཨིནམ་ད་ དེ་བཟུམ་མའི་ རྐྱེན་ངན་བྱུང་མི་དེ་ འགོ་དང་པ་ཨིན་ཟེར་ བཤདཔ་ཨིན་པས།
རྒཔོ་དཔལ་ལྡན་རྡོ་རྗེ་གིས་ སླབ་མིའི་ནང་ རྒེད་འོག་གསུམ་ལུ་ གནོད་སྐྱོན་རྐྱབ་ནུག་ཟེར་ཨིནམ་ད་ དེ་ཡང་ ཡར་བང་དང་ ཕོམས་ཤིང་ དེ་ལས་ ཐང་རོང་ཚུ་ཨིནམ་ད་ ཡར་བང་སྤྱི་འོག་གི་ཁྱིམ་གུང་༦༦ ལུ་ གནོད་སྐྱོན་ཤུགས་སྦེ་ར་ རྐྱབ་ནུག་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ སྤྱི་འོག་གཞན་༢ ལུ་ ཆ་ཤས་རེ་ གནོད་སྐྱོན་རྐྱབ་ནུག་ཟེར་ཨིནམ་ད་ མི་དང་སེམས་ཅན་ཚུ་ལུ་ རྐྱེན་ངན་མ་འབྱུང་ནི་དེ་གིས་ ཁ་རྗེ་བཟང་ཡི་ཟེར་ཨིན་པས།
རྐྱེན་ངན་གྱི་སྐོར་ལས་ རྫོང་ཁག་སོ་ནམ་འགོ་དཔོན་དང་ རྒེད་འོག་བདག་སྐྱོང་ལུ་ སྙན་ཞུ་འབད་ཡི་ཟེར་ རྒཔོ་གིས་བཤད་པའི་ཁར་ གནོད་སྐྱོན་འབྱུང་མི་ བཟའ་ཚང་ཚུ་དང་ཕྱད་ཡི་ཟེར་ཨིནམ་ད་ ད་ལྟོ་ ཞིབ་དཔྱད་འབད་བའི་བསྒང་ཡོད་ཟེར་ཨིན་པས།
ཕོངས་མེད་རྒེད་འོག་ནང་ འབྱ་དང་གེ་ཟ་གཉིས་ཆ་ར་ འཛུགས་སྐྱོང་འབད་དོ་ཡོདཔ་ད་ ས་ཁ་མཐོ་སར་ གེ་ཟ་མངམ་ འཛུགས་སྐྱོང་འབད་དོ་ཡོདཔ་ཨིན་པས།
གནོད་སྐྱོན་བྱུང་མི་ ཚེ་རིང་གཡང་འཛོམས་ཀྱིས་ སླབ་མིའི་ནང་ མོ་གི་ གེ་ཟ་ཞིང་ཨེ་ཀར་༡ ལྷགཔ་ཅིག་ལུ་ གནོད་སྐྱོན་རྐྱབ་ཅི་ཟེར་ཨིནམ་ད་ ལཱ་འབད་བའི་གྲུབ་འབྲས་ག་ར་ མེདཔ་བཏང་ཡི་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ གེ་ཟ་མེདཔ་བཏང་མི་མཐོངམ་ད་ བློ་ཕམ་བྱུངམ་མས་ཟེར་ཨིནམ་ད་ ས་གནས་ནང་ ལོ་ཐོག་ངོ་མ་ར་ གེ་ཟ་དེ་ཨིནམ་ལས་ སང་ཕོད་ག་དེ་སྦེ་ ལང་ཚུགས་གའི་ དོགས་པ་ཡོད་ཟེར་ཨིན་པས།
སྐྱེས་ལོ་༣༦ ལང་མི་ ཡེ་ཤེས་ནོར་བུ་གིས་ སླབ་མིའི་ནང་ ཁོ་གིས་ ས་ཆ་ཌེསི་མཱལ་༥༠ ནང་ གེ་ཟ་བཙུགས་མི་ཚུ་ག་ར་ རླུང་འཚུབས་ཀྱིས་ མེདཔ་བཏང་ཡི་ཟེར་ཨིནམ་ད་ རྒེད་འོག་བདག་སྐྱོང་གིས་ ཞིབ་དཔྱད་འབད་རུང་ རྒུད་འཐུས་ནམ་ཐོབ་ག་ སླབ་མི་ཤེས་པས་ཟེར་ཨིན་པས།
སང་ཕོད་ཀྱི་ གེ་ཟ་བཏབ་ནིའི་སོན་ ག་ཏེ་ལས་འཐོབ་ཚུགས་གའི་ ཚ་གྱང་ཡོད་ཟེར་ སྐྱེས་ལོ་༣༥ ལང་མི་ ཚེ་རིང་གཡང་འཛོམས་ཀྱིས་ བཤད་པའི་ཁར་ གནོད་སྐྱོན་རྐྱབ་མི་དེ་ མོ་གི་དོན་ལུ་ གནོད་སྐྱོན་སྦོམ་ཅིག་ཨིནམ་ད་ ཚར་གཅིག་ རླུང་འཚུབས་ཀྱིས་ གནོད་སྐྱོན་རྐྱབ་པའི་བསྒང་ལས་ ནོར་གྱི་རྩྭ་སྦེ་ བྱིན་དགོ་ཟེར་ཨིན་པས།
ཨིན་རུང་ རྫོང་ཁག་སོ་ནམ་འགོ་དཔོན་ དི་བི་ཅཱ་རན་བཱན་ད་རི་གིས་ སླབ་མིའི་ནང་ རྒེད་འོག་བདག་སྐྱོང་ལས་ གནད་དོན་སྐོར་ལས་ སྙན་ཞུ་ལྷོད་ཅི་ཟེར་ཨིནམ་ད་ རྒེད་འོག་སོ་ནམ་རྒྱ་སྐྱེད་འགོ་དཔོན་ཚུ་ ཞལ་འཛོམས་འཚོགས་དོ་ཡོདཔ་ལས་ རྒེད་འོག་བདག་སྐྱོང་གིས་ ཞིབ་དཔྱད་འབད་བའི་ བསྒང་ཡོད་ཟེར་ཨིན་པས།
གནོད་སྐྱོན་རྐྱབ་ཡོད་པའི་ ས་གནས་ཚུ་ནང་ རྒཔོ་གིས་ འགོ་ཁྲིད་འབད་དེ་ རྒེད་འོག་གི་འགོ་དཔོན་ཚུ་གིས་ ཞིབ་དཔྱད་ཚུ་འབད་དོ་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *