དུང་ཇུ་རི་རོང་ཆུ་བྲེས་མི་གིས་ འཁོར་ལམ་འཕྱགས་བདའ་ས་ལས་ ལམ་འགྲུལཔ་ཚུ་ ཆུ་བརྒལ་འགྱོ་བའི་བསྒང་།

ཕོངས་མེད་རྒེད་འོག་ནང་ དུང་ཇུ་རི་རོང་ཆུ་བྲེས་མི་གིས་ འཁོར་ལམ་འཕྱགས་བདའ་ཡོདཔ།

༉ སྤྱི་ཟླ་༨ པའི་ཚེས་༢༣ གྱི་ཕྱི་རུ་ བཀྲིས་སྒང་ཕོངས་མེད་རྒེད་འོག་ནང་ ཆརཔ་ཤུགས་སྦེ་རྐྱབ་ནི་དེ་གིས་ དུང་ཇུ་རི་ཟེར་སར་ ཆུ་རུད་ཀྱིས་ འཁོར་ལམ་འཕྱགས་བདའ་ཡོདཔ་ལས་ མི་ཚུ་རྒྱུན་འགྲུལ་འཐབ་མ་ཚུགས་པར་ ཉིནམ་༣ ལྷགཔ་ཅིག་ ལང་ཡོདཔ་ཨིན་པས།
དེ་ཡང་ རྒེད་འོག་ལྟེ་བ་ལས་ བཀྲིས་སྒང་ཁ་ཐུག་ མི་ཊར་དག་པ་ཅིག་གི་ས་ཁར་ཨིནམ་ད་ ཆུ་དེ་ འཕྲལ་འཕྲལ་སྦེ་ར་ བྲེས་དོ་ཡོདཔ་ད་ ས་ཁ་མཐོ་སར་ ཆརཔ་རྐྱབ་པ་ཅིན་ སྣུམ་འཁོར་ཚུ་ རྒྱུན་འགྲུལ་འཐབ་མ་ཚུགས་པར་ ལུས་དོ་ཡོདཔ་ཨིན་པས།
ས་གནས་ཀྱི་མི་ཚུ་གིས་ སླབ་མིའི་ནང་ གནམ་བྱཱར་གྱི་དུས་ཚོད་ལུ་ ཨ་རྟག་ར་ ཆུ་བྲེས་ཏེ་ འཁོར་ལམ་ཚུ་བསུབས་བཞག་ནི་ཡོད་རུང་ དུས་ཅི་ ཆུ་རུད་སྦོམ་འོང་སྟེ་ རྩ་བ་ལས་ར་ འཁོར་ལམ་འཕྱགས་བདའ་ཡི་ཟེར་ཨིནམ་ད་ དེ་གིས་ འགྲོ་འགྲུལ་པ་ཚུ་ ཉེན་ཁ་ཅན་ལུ་གྱུར་ཏེ་ཡོད་ཟེར་ ཨིན་པས།
ས་གནས་ནང་སྡོད་མི་ མཆོད་རྟེན་སྒྲོལ་མ་གིས་ སླབ་མིའི་ནང་ གནམ་བྱཱར་ཨ་རྟག་ར་ ཆུ་བྲེས་ནི་དེ་གིས་ ཚ་གྱང་ལངམ་མས་ཟེར་ཨིནམ་ད་ ཆུ་བྲེས་པའི་སྐབས་ལུ་ གཡུས་ཚན་དང་ གཞན་རྒེད་འོག་ཚུ་ནང་ འགྲོ་འགྲུལ་འབད་མི་ཚུགས་པས་ཟེར་ ཨིན་པས།
མོ་གིས་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ ཡུ་ད་རི་གཙང་ཆུ་གིས་ དཀའ་ངལ་བྱིན་དོ་ཡོདཔ་ད་ དུས་ཅི་ལས་ དུང་ཇུ་རི་རོང་ཆུ་གིས་ དཀའ་ངལ་བྱིན་ནི་ འགོ་བཙུགས་ཡི་ཟེར་ཨིནམ་ད་ མི་སེར་ཚུ་ ཚ་གྱང་ལང་སྟེ་སྡོད་དགོཔ་བྱུངམ་མས་ཟེར་ ཨིན་པས།
སྐྱེས་ལོ་༦༥ ལང་མི་ གུ་རུ་གིས་ སླབ་མིའི་ནང་ ཧེ་མ་རོང་ཆུ་དེ་ ཆུང་ཀུ་ཅིག་ཨིནམ་ལས་ དུས་ཅི་བཟུམ་སྦེ་ བྲེས་དོ་བཟུམ་མ་མཐོང་ཟེར་ཨིནམ་ད་ ཆུ་རུད་ཐོན་མི་དེ་ ས་ཁ་མཐོ་སར་ མེ་རག་གི་ས་གནས་ ཅེབ་གླིང་ཟེར་སར་ རྩྭ་དང་ཤིང་ཚུ་ ག་ལྷོད་ནོར་ལུ་བྱིན་མི་དང་ ནགས་ཚལ་རྩ་སྟོང་བཏང་མི་དེ་གིས་ ཆརཔ་རྐྱབ་ད་ ཆུ་རུད་འོངམ་མས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ རྒེད་འོག་གི་སྨན་ཁང་དེ་ དུང་ཇུ་རི་ ཆུ་ཕར་ཁ་རྐྱབ་ཡོདཔ་ལས་ ཆུ་རུད་འོང་པའི་སྐབས་ ནདཔ་ཚུ་ལུ་རོང་ཆུ་བརྒལ་འགྱོ་མི་ རྡོ་རྗེ་སྒྲོལ་མ་གིས་ སླབ་མིའི་ནང་ སྨན་ཁང་དེ་ ཆུ་ཕར་ཁར་འབདཝ་ལས་ ཆརཔ་རྐྱབ་ད་ ཆུ་བྲེས་དོ་ཡོདཔ་ལས་ ཆུ་བརྒལ་ནི་ལུ་ དཀའ་ངལ་འདུག་ཟེར་ཨིནམ་ད་ འཕྲལ་འཕྲལ་ར་ ཨ་ལོ་ཚུ་ སྨན་ཁང་བསྟེན་དགོཔ་ལས་ སྟབས་མི་བདེ་བས་ཟེར་ཨིན་པས།
ཞང་གཡོགཔ་ཅིག་གིས་ སླབ་མིའི་ནང་ ལ་མཐོ་སར་ ཆརཔ་རྐྱབ་ཅིག་ རོང་ཆུ་དེ་ བྲེས་ནི་འདུག་ཟེར་ཨིནམ་ད་ རོང་ཆུ་བྲེས་པའི་སྐབས་ ཕམ་དང་སློབ་ཕྲུག་ཚུ་ ཆུའི་གཡས་གཡོན་ལུ་ བསྒུག་སྡོད་དགོཔ་ལས་ ཡིག་ཚང་ནང་འགྱོ་མི་དང་ སློབ་ཕྲུག་ཚུ་ལུ་ སྟབས་མི་བདེ་བས་ཟེར་ཨིན་པས།
ས་གནས་ཀྱི་ ཁག་འབགཔ་ཅིག་གིས་ སླབ་མིའི་ནང་ ལམ་སེལ་ལས་ཁུངས་ཀྱིས་ འཁོར་ལམ་མ་བསལ་བ་ཅིན་ ཁོ་རའི་ལཱ་ལུ་ཐོ་ཕོག་ནི་མས་ཟེར་ཨིནམ་ད་ རྩི་ས་ཚུ་ མི་གིས་ འབག་བསྐྱལ་དགོཔ་ཐོནམ་ལས་ ཁག་འབགཔ་ཚུ་ལུ་ ཐོ་ཕོག་ནི་མས་ཟེར་ཨིན་པས།
ཤེས་རྟོགས་བྱུང་མའི་ནང་ ཆུ་རུད་ཀྱིས་ འཁོར་ལམ་དང་གྱང་རྩིག་ཚུ་ འཕྱགས་བདའ་ཡོདཔ་ལས་ འཁོར་ལམ་དེ་ སྒྲིང་སྒྲི་ཅིག་མི་འོང་ནི་ཨིནམ་ན་ སའི་གནས་སྟངས་ཡང་ ལེགས་ཤོམ་མེདཔ་ལས་ ཟམ་གསརཔ་རྐྱབ་ནི་ མི་བདེན་ནི་ཨིན་པས།
དམངས་མི་ ཚེ་རིང་དབང་ཕྱུག་གིས་ སླབ་མིའི་ནང་ རྒེད་འོག་ལྟེ་བའི་འཁོར་ལམ་ཚུ་ ལམ་སེལ་ལས་ཁུངས་ལུ་ རྩིས་སྤྲོད་ནི་ཨིནམ་མས་ ལམ་སེལ་ལས་ཁུངས་ཀྱིས་ ད་ལྟོ་ ལམ་སེལ་མ་བཏུབ་པར་ཡོད་ཟེར་ཨིནམ་ད་ ད་ལྟོ་ འཁོར་ལམ་ག་གིས་ བསལ་ནི་ཨིན་ན་ མི་ཤེས་པས་ཟེར་ཨིན་པས།
མི་སེར་ཚུ་ལས་ རྒེད་འོག་བདག་སྐྱོང་ལུ་ འཁོར་ལམ་ནམ་བསལ་འོང་ག་ཟེར་ བརྒྱུད་འཕྲིན་ལྷོད་དེ་ར་ཡོད་ཟེར་ དམངས་མི་གིས་ བཤད་པའི་ཁར་ འཁོར་ལམ་གསརཔ་ཅིག་ མེ་རག་སག་སྟེང་གི་ སོ་ནམ་ཞིང་ལམ་དང་ བར་དགོན་པའི་སོ་ནམ་ཞིང་ལམ་ མཐུད་འབྲེལ་འབད་ནིའི་འཆར་གཞི་ཡོད་ཟེར་ཨིནམ་ད་ ས་གཞི་ཡང་ བརྟན་ཏོག་ཏོ་ཡོད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ འཁོར་ལམ་དེ་༢ མཐུད་འབྲེལ་འབད་བའི་བསྒང་ལས་ གནམ་བྱཱར་འཁོར་ལམ་གསརཔ་ ལག་ལེན་འཐབ་ནི་དང་ གནམ་དགུན་ལུ་ འཁོར་ལམ་རྙིངམ་ལག་ལེན་འཐབ་ནི་ལུ་ གདམ་ཁ་བྱིན་ཚུགས་པས་ཟེར་ཨིན་པས།
རང་བྱུང་ལུ་ཡོད་པའི་ ལམ་སེལ་ལས་ཁུངས་ཡིག་ཚང་གི་ བཀོད་ཁྱབ་བཟོ་རིག་འགོ་དཔོན་ ཀརྨ་ཚེ་དབང་གིས་ སླབ་མིའི་ནང་ ཕྱི་རུ་ཁམས་ཅིག་ཁར་ ས་རྐོ་འཕྲུལ་ཆས་ཅིག་ བཙུགས་ཡོདཔ་ལས་ སྣུམ་འཁོར་ཆུང་ཀུ་ཚུ་ ཐལ་ཚུགས་པའི་འཁོར་ལམ་ཅིག་ བསལ་ཚུགས་འོང་ཟེར་ཨིནམ་ད་ ཆུ་དེ་འཕྲལ་འཕྲལ་ བྲེས་དོ་ཡོདཔ་ལས་ ལོ་བསྟར་བཞིན་དུ་ རག་རོག་ཚུ་ བསལ་བཞིན་དུ་སྡོད་དགོ་ཟེར་ ཨིན་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། ཕོངས་མེད།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *