སྟོང་ཕུག་འུང་གཡུས་ཚན་ནང་ ཨམ་སྲུ་ཚུ་ གེ་ཟའི་གཡུར་མ་རྐྱབ་པའི་བསྒང་།

ཕོ་སྐྱེས་ཚུ་ འོང་འབབ་བཟོ་ནིའི་དོན་ལུ་ རྫོང་ཁག་གཞན་ཚུ་ནང་སོང་ཡོདཔ།

༉ ཐང་རོང་རྒེད་འོག་གི་ གཡུས་ཚན་ཚུ་ནང་ཡོད་པའི་ གེ་ཟ་ཞིང་ཚུ་ནང་ གཡུར་མ་བསལ་ནིའི་ལཱ་ མང་ཤོས་ཅིག་ར་ ཨམ་སྲུ་ཚུ་གིས་ འབད་སར་མཐོང་མི་དེ་ཡང་ ཕོ་སྐྱེས་ཚུ་ རྫོང་ཁག་གཞན་ཚུ་ནང་ ལཱ་འབད་བར་ སོང་ནི་དེ་གིས་ཨིན་པས།
ཨམ་སྲུ་དང་ ཨ་ལུ་ཚུ་ རྒྱབ་ཁར་བཀོག་བཞག་སྟེ་ རྫོང་ཁག་གཞན་ཚུ་ནང་ ཁག་འབག་གི་ལཱ་དང་ ཁྱིམ་རྐྱབ་པར་ སོང་མི་དེ་ཡང་ གཡུས་ཁ་ལས་ འོང་འབབ་ཀྱི་ འབྱུང་ཁུངས་མེད་མི་ལུ་བརྟེན་ཨིན་པས།
ལོ་གསར་ངལ་གསོ་དང་ ལོ་བསྟར་ཚེས་བཅུ་ དེ་ལས་ གེ་ཟ་འཛུགས་སྐྱོང་འབད་བའི་སྐབས་དང་ གེ་ཟ་བསྡུ་བའི་དུས་ཚོད་ལུ་ ཕོ་སྐྱེས་ཚུ་གིས་ གཡུས་ཁར་འོང་དོ་ཡོདཔ་ཨིན་པས།
ཨིན་རུང་ གཡུས་ཁར་ ཕོ་སྐྱེས་རེ་གཉིས་མཐོང་ཚུགས་མི་དེ་ རྒན་རྒས་དང་ དབང་པོ་སྐྱོན་ཅན་ གྲོང་ཆོསཔ་ དེ་ལས་ བླམ་དང་དགེ་སློང་ཚུ་ཨིནམ་ལས་ ཨམ་སྲུ་ཚུ་གིས་ ཞིང་ལཱ་འབད་ནི་ལས་འགོ་བཙུགས་ འུར་ལཱ་རྒྱུག་ནི་དང་ རྒེད་འོག་དང་ སྤྱི་འོག་གི་ འཛོམས་འདུ་ཚུ་ འཚོགས་པའི་སྐབས་ བཅའ་མར་གཏོགས་དོ་ཡོདཔ་ཨིན་པས།
ཨ་ཏོ་ལ་སྤྱི་འོག་ འཐུང་ད་རི་གཡུས་ཚན་ལས་ སྐྱེས་ལོ་༢༩ ལང་མི་ ཕུན་ཚོགས་དབང་འདུས་དང་ ཆ་རོགས་ཚུ་ བཀྲིས་གཡང་རྩེ་རྫོང་ཁག་གི་ རྒེད་འོག་ཅིག་ནང་ གྱང་རྩིག་བཟོ་སྐྲུན་འབད་བར་འགྱོ་ནི་ཨིནམ་ད་ གཞན་ཕོ་སྐྱེས་ཚུ་ བུམ་ཐང་དང་ ཐིམ་ཕུག་ ལྷུན་རྩེ་ དེ་ལས་ ཀྲོང་གསར་ཚུ་ནང་ ཧེ་མ་ལས་ སོང་ཡོདཔ་ཨིན་པས།
ཨ་ལོ་༢ ཀྱི་ཨ་པ་ཅིག་ཨིན་མི་ ཕུན་ཚོགས་དབང་འདུས་ཀྱིས་ སླབ་མིའི་ནང་ རང་གཡུས་སྤང་སྟེ་ རོགས་ཀྱི་ གཡུས་ཁར་ ཁག་འབགཔ་གི་འོག་ལུ་དང་ ཆ་རོགས་ཚུ་དང་བསྡོམས་ ཁྱིམ་བཟོ་སྐྲུན་འབད་ནི་ གྱང་རྩིག་རྐྱབ་ནི་ གཡུར་བ་བསལ་ནི་ འཐུང་ཆུ་གཏོན་ནི་ དེ་ལས་ སོ་ནམ་ཞིང་ལམ་གཏོན་ནིའི་ལཱ་ཚུ་ འབད་བར་འགྱོ་ནིའི་སྲོལ་དེ་ དང་ཕུ་ ཕ་མའི་སྐབས་ལས་ར་ འདུག་ཟེར་ཨིན་པས།
ཨ་ཏོ་ལ་གཡུས་ཚན་ལས་ སྐྱེས་ལོ་༣༨ ལང་མི་ ལས་སྐྱིད་དབང་ཕྱུག་གིས་ སླབ་མིའི་ནང་ ད་རེས་ནངས་པར་ ལྷུན་རྩེ་ཀུར་སྟོད་ལུ་ དྲང་དཔོན་བགྲེསཔ་ཅིག་གི་ རང་ལུགས་ཀྱི་ཁྱིམ་བཟོ་སྐྲུན་འབད་མིའི་ནང་ ལཱ་འབད་དོ་ཟེར་ཨིན་པས།
སྤྱི་ལོ་༢༠༡༧ ཟླཝ་༡༢ པ་ལས་ སྤྱི་ལོ་༢༠༡༨ ཟླཝ་༤ པ་ཚུན་ ཕ་སྤད་ཀྱིས་ གཞན་གྱི་ཁྱིམ་རྐྱབ་སྟེ་ འོང་འབབ་དངུལ་ཀྲམ་༡༠༠,༠༠༠ ལྷགཔ་ཅིག་ ཐོབ་མི་དེ་གིས་ གཡུས་ཁར་སྡོད་མི་ བཟའ་ཚང་ཚུ་གི་དོན་ལུ་ བཟའ་འཐུང་རིགས་ཚུ་ མཁོ་སྒྲུབ་འབད་ནི་དང་ ཤེས་ཡོན་ལྷབ་སྦྱང་འབད་མི་ ཨ་ལུ་ཚུ་གི་དོན་ལས་ ཟད་འགྲོ་གཏང་ནི་ལུ་ ལྷན་ཐབས་ཡོདཔ་ཨིན་པས།
དེ་མ་ཚད་ འོང་འབབ་དེ་གིས་ ཐོག་གཅིག་འབད་མི་ ཁྱིམ་རྐྱབ་ནིའི་དོན་ལུ་ ཤིང་ཆས་དང་ མཐུན་རྐྱེན་ཚུ་ གཞན་མཁོ་སྒྲུབ་འབད་ནི་ལུ་ ཁེ་ཕན་འདུག་ཟེར་ ལས་སྐྱིད་དབང་ཕྱུག་གིས་ སླབ་ཨིན་པས།
སྐྱེས་ལོ་༣༠ ལང་མི་ བསོད་ནམས་རྡོ་རྗེ་ཡང་ ད་རེས་ནངས་པར་ གཡུས་ཁར་ གེ་ཟ་གཡུ་མ་རྐྱབ་ནིའི་དོན་ལུ་ ཨམ་སྲུ་ལུ་ ཆ་རོགས་འབད་བར་འོང་ཡོདཔ་ཨིན་རུང་ འཕྲལ་མགྱོགས་ར་ འོང་འབབ་ཀྱི་ལཱ་འབད་བར་ ལྷུན་རྩེ་རྫོང་ཁག་ནང་ འགྱོ་ནི་ཨིན་པས།
གཡུས་ཁའི་མི་སེར་ཚུ་ འཚོ་བ་གཙོ་བོ་ གེ་ཟ་ལུ་བརྟེན་སྡོད་མི་གིས་ མི་སྡེ་ནང་ རང་མགོ་རང་འདྲོངས་ཀྱི་ཐོག་ལུ་ མི་ཚེ་སྐྱོང་ནི་དེ་ དོ་འགྲན་ཅན་ཨིན་མི་དེ་ཡང་ སོ་ནམ་ཐོན་སྐྱེད་དང་ ཚོད་བསྲེ་ དེ་ལས་ ཤིང་འབྲས་ག་ནི་ཡང་ མེད་མི་ལུ་བརྟེན་ཨིནམ་སྦེ་ མི་སེར་ཚུ་གིས་ བསམ་འཆར་བཀོདཔ་ཨིན་པས།
གླིང་མཁར་སྤྱི་འོག་ སྟོང་ཕུག་འུང་གཡུས་ཚན་ནང་ སྐྱེས་ལོ་༥༩ ལང་མི་ཨམ་ རྡོ་རྗེ་བཟང་མོའི་ཞིང་ནང་ གེ་ཟ་གཡུ་མ་རྐྱབ་སར་ ཨམ་སྲུ་སྡེ་ཚན་ཅིག་མ་གཏོགས་ ཕོ་སྐྱེས་ཅིག་ཡང་ མཐོང་ནི་མེད་མི་དེ་ ཕོ་སྐྱེས་ཚུ་ ཐག་རིང་སར་ ལཱ་འབད་བར་སོང་མི་ལུ་བརྟེན་ཨིན་པས།
ཨམ་སྲུ་ཚུ་གིས་ སླབ་མིའི་ནང་ ཞི་གཡོགཔ་ཚུ་བཟུམ་སྦེ་ ཟླ་རིམ་བཞིན་དུ་ དངུལ་ཕོགས་འཐོབ་ནི་མེདཔ་ལས་ རྨགཔ་ཚུ་ འོང་འབབ་ཀྱི་ལཱ་འབད་བར་ སོང་ཡི་ཟེར་ཨིན་པས།
རྒེད་འོག་རྒཔོ་ བཅོ་ལྔ་གིས་ སླབ་མིའི་ནང་ རྒེད་འོག་དེ་ མཐའ་ཟུར་ཅིག་ནང་ཆགས་ཡོད་པའི་ཁར་ ལོ་ཐོག་ག་ ཅི་བཏབ་རུང་ ཆུ་ལུ་བརྟེན་དགོཔ་ལས་ ཆུ་ལངམ་མེད་པའི་ གདོང་ལེན་གྱིས་ ཕོ་སྐྱེས་ཚུ་ འོང་འབབ་ཀྱི་ལཱ་འབད་བར་ འགྱོ་མི་དེ་ སྲོལ་གསརཔ་ཅིག་མེན་ཟེར་ཨིན་པས།
ཧ་ལམ་ སྤྱི་འོག་ག་རའི་ནང་ སོ་ནམ་ཞིང་ལམ་བཏོན་ཡོད་པའི་ཁར་ གཡུས་ཚན་མང་ཤོས་ཅིག་ནང་ སོ་ནམ་ཞིང་ ལམ་གྱི་མཐུན་རྐྱེན་ཚུ་ ལྷོད་ཡོདཔ་ལས་ འཆར་གཞི་༡༢ པའི་ནང་ སོ་ནམ་དང་ སྒོ་ནོར་གྱི་ཐོན་སྐྱེད་ཚུ་ རྒྱ་ཆེཝ་སྦེ་ ཐོན་སྐྱེད་ཀྱི་དམིགས་གཏད་ལུ་ འཆར་གཞི་༡༡ པའི་ནང་ར་ ཤིང་གི་ལྕངམ་དང་ ཚོད་བསྲེ་ སྒོ་ནོར་གྱི་ ཞབས་ཏོག་ཚུ་ མི་སེར་ལུ་ བཀྲམ་སྤེལ་འབད་དེ་ཡོད་ཟེར་ཨིན་པས།
ལྷག་པར་དུ་ ཐང་རོང་རྒེད་འོག་ ཨ་ཏོ་ལ་སྤྱི་འོག་དང་ འབྲས་སྤུངས་རྒེད་འོག་ བཟུང་ལེན་སྤྱི་འོག་གཉིས་ཀྱི་བར་ན་ སོ་ནམ་ཞིང་ལམ་ མཐུད་སྦྲེལ་འབད་ནི་ལུ་ ཀི་ལོ་མི་ཊར་༢ ལྷགཔ་ཅིག་ལས་བརྒལ་མེདཔ་ལས་ འཆར་གཞི་༡༢ པའི་ནང་ ལམ་མཐུད་སྦྲེལ་འབད་ཚུགས་ནི་ཨིན་མི་གིས་ ཕན་ཐོགས་འབྱུང་ཚུགས་ཟེར་ རྒཔོ་བཅོ་ལྔ་གིས་ སླབ་ཨིན་པས།
རྒཔོ་དང་འཁྲིལ་བ་ཅིན་ བཟུང་ལེན་དང་ ཨ་ཏོ་ལ་གི་ སོ་ནམ་ཞིང་ལམ་ མཐུད་སྦྲེལ་འབད་བའི་ཤུལ་ལས་ ཐང་རོང་ རྒེད་འོག་གི་ མི་སེར་སྤྱིར་བཏང་ལུ་ ཁེ་ཕན་དེ་ཡང་ རྒེད་འོག་གི་མི་སེར་ཚུ་ ལྕགས་མཁར་བརྒྱུད་དེ་ མོང་སྒར་རྫོང་ ཁག་ནང་ འགྱོ་མ་དགོ་པར་ ཕྲང་ལམ་སྦེ་སྤྱོདཔ་དང་འབྲེལ་ སོ་ནམ་འཐོན་སྐྱེད་ག་ཅི་ཨིན་རུང་ དེ་འཕྲོ་ལས་ བཙོང་ཚུགས་ཟེར་ཨིན་པས།
དེ་བཞིན་དུ་ བཀྲིས་སྒང་དང་ བཀྲིས་གཡང་རྩེ་ དེ་ལས་ དགྲ་མེད་རྩེ་རྒེད་འོག་དང་ བཱ་ལམ་ ན་རང་ ལྕགས་མཁར་ དེ་ལས་ ཤེར་མུ་ཧཱུཾ་རྒེད་འོག་གི་ མི་སེར་ཚུ་གིས་ཡང་ སོ་ནམ་ཞིང་ལམ་སྤྱོད་དེ་ ངང་ལམ་དང་ རྒྱལ་པོའི་ཞིང་ འགྱོ་ནི་ཨིནམ་ལས་ དཔལ་འབྱོར་གོང་འཕེལ་མགྱོགས་དྲགས་སྦེ་ འགྱོ་ཚུགས་ཟེར་ཨིན་པས།
དེ་ལུ་བརྟེན་ ཕོ་སྐྱེས་ཚུ་གིས་ཡང་ སོ་ནམ་གྱི་ལཱ་འབད་དེ་ འོང་འབབ་བཟོ་ནི་ལུ་ ཁེ་ཕན་སྤྱོད་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
རྒེད་འོག་གི་ཕྱི་ཁར་ ལཱ་འབད་བར་འགྱོ་མི་ ཕོ་སྐྱེས་ཚུ་ རྒེད་འོག་གི་ སྙན་ཞུ་འབྲི་ཤོག་ནང་ ཁ་གསལ་སྦེ་ བཀང་བཅུག་སྟེ་ བཏང་མི་གནད་དོན་དེ་ བྱ་སྟབས་མ་བདེ་བའི་ ཉེན་ཁ་དང་ ཉེན་སྲུང་ ཏི་རུ་འཐོབ་འདོད་རིགས་ཚུ་ འགོ་འདྲེན་འཐབ་མི་ལུ་ འགན་འཁྲི་བཀལཝ་ཨིན་པས།
འབྲི་ཤོག་བཀང་ནིའི་ ལས་རིམ་དེ་ཡང་ སྤྱི་ལོ་༢༠༡༧ གྱི་ཟླཝ་༩ པའི་ནང་ གཞི་བཙུགས་འབད་ཡོདཔ་བཞིན་དུ་ སྤྱི་ཟླ་༩ པ་ལས་༡༢ པ་ཚུན་ ཕོ་སྐྱེས་༡༠༥ སོང་ཡོདཔ་ད་ དུས་ཅི་ སྤྱི་ཟླ་༡ པ་ལས་༤ པ་ཚུན་ ཕོ་སྐྱེས་༩༨ ཀྱིས་ ཐོ་བཀོད་འབད་ཡོད་པའི་གནས་ཚུལ།

ཨ་ཏོ་ལ་ལས་ བཀྲིས་ཕུན་ཚོགས།

 

About admin

Check Also

རྩི་རང་གི་ ས་གནས་གཞུང་གི་བཙག་འཐུའི་ནང ཁས་བླངས་གཙོ་བོ་ ཆུའི་དཀའ་ངལ་སེལ་ཐབས་འབད་ནི།

༉ རྩི་རང་སྟོད་ཀྱི་ ས་གནས་གཞུང་གི་འདེམས་ངོ་སྦེ་ གདམ་འཐུ་གྲུབ་མི་༡༡ ཡོདཔ་བཞིན་དུ་ ག་རང་གིས་ ཆུའི་དཀའ་ངལ་བསལ་ནི་ལུ་ གཙོ་རིམ་བཟུང་ཡོདཔ་མ་ཚད་ ཞིང་ཆུ་ལངམ་སྦེ་ མཁོ་སྤྲོད་འབད་ནི་ཨིན་པས། ཨིན་རུང་ ཚོགས་རྒྱན་བཙུགས་མི་ཚུ་གིས་འབད་བ་ཅིན་ ཧེ་མ་ཡང་ འདེམས་ངོ་ཚུ་ བཙག་འཐུ་གྲུབ་ཞིནམ་ལས་ …

Leave a Reply

Your email address will not be published. Required fields are marked *