ཕོ་སྐྱེས་ཅིག་ བྱག་གུ་ལས་ བུད་སོང་པའི་ཤུལ་ལུ་ཤི་རྐྱེན།

༉ བུམ་ཐང་ལས་ སྐྱེས་ལོ་༢༠ ལང་མི་ ཕོ་སྐྱེས་ཅིག་ སྤྱི་ཟླ་༦ པའི་ཚེས་༢༨ ལུ་ ཐིམ་ཕུག་འབྲུག་སློབ་གྲྭའི་ལྟག་ལུ་ ཀུན་གསལ་ཕོ་བྲང་འགྱོ་སའི་ལམ་ཁར་ བྱག་ཅིག་གི་གུ་ལས་ བུད་ཡར་སོཔ་ལས་ ཤི་རྐྱེན་བྱུང་ནུག།
རྐྱེན་ངན་དེ་ཡང་ སློབ་རིམ་༡༢ པ་མཐར་འཁྱོལ་མི་ ཚེ་འདས་སློབ་ཕྲུག་དེ་ དེ་ཚེ་ནུབ་མོའི་ ཆུ་ཚོད་༡༠ དང་༡༡ གི་བར་ན་ ཁོ་རའི་ཆ་རོགས་ སྐྱེས་ལོ་༡༧ འབད་མི་བུམོ་དང་གཅིག་ཁར་སྡོདཔ་ད་ བྱུང་ཡོདཔ་ད་ ཧཱ་ལས་ཨིན་མི་ བུམོ་དེ་ཡང་ ཐིམ་ཕུག་གི་ སློབ་གྲྭ་ཅིག་ནང་ སློབ་རིམ་༡༢ པའི་ སློབ་ཕྲུག་ཅིག་ཨིན་པས།
བུམོ་དེ་གིས་ ཁྲིམས་སྲུང་འགག་པ་ལུ་ཕུལ་མི་ ངག་བརྗོད་དང་འཁྲིལཝ་ད་ ཁོང་ཆ་རོགས་གཉིས་ སྤྲོ་སེང་གི་དོན་ལུ་ སོང་ཡོདཔ་མ་ཚད་ ཁོང་༢ རྩེདམོ་རྩེ་བའི་སྐབས་ ཕོ་སྐྱེས་དེ་ གློ་བུར་དུ་ འགྱེལ་ཏ་རྐྱབ་སྟེ་ བྱག་གུ་ལས་མར་ རྦོབ་རིལ་ཡར་སོ་ཡི་ཟེར་ཨིན་པས།
བུམོ་དེ་གིས་ ཚེ་འདས་ཀྱི་ལགཔ་བཤེད་ནི་གི་ དཔའ་བཅམ་ད་ མོ་ཡང་ བུད་སོང་ཡོདཔ་ད་ ཁོང་གཉིས་ཆ་ར་ བྱག་གུ་ལས་མར་ ཕིཊ་༡༥ དེ་ཅིག་གི་ས་ཁར་ བུད་སོཔ་ཨིན་པས།
བུམོ་དེ་གིས་ ཁྲིམས་སྲུང་འགག་པ་ལུ་ སླབ་མིའི་ནང་ མོ་ར་ དྲན་པ་ལྷོདཔ་ཅིག་ ཆ་རོགས་འབད་ནིའི་དོན་ལུ་ ཆ་རོགས་ཅིག་ འབོ་ཡི་ཟེར་ཨིནམ་ད་ ཨིན་རུང་ ཆ་རོགས་དེ་གིས་ མ་བདེན་པའི་ བློ་སླབ་མས་ཟེར་ ངོས་ལེན་མ་འབད་ཟེར་ཨིན་པས།
དེ་འབདཝ་ད་ མོ་གིས་ གདོང་དེབ་ཕེགསི་བུག་ནང་ བརྡ་འཕྲིན་བཞག་མི་ནང་ལས་ མོ་གི་རྔུ་སྐད་གོ་བའི་ཤུལ་ལུ་ ཆ་རོགས་ཚུ་ སྲོག་སྐྱབས་འབད་བར་སོང་སྟེ་ གློ་བུར་གྱི་ བརྒྱུད་འཕྲིན་ཨང་༡༡༢ ནང་ ནདཔ་སྐྱེལ་ལེན་སྣུམ་འཁོར་ཅིག་ གཏང་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།
མོ་གིས་འབད་བ་ཅིན་ རྐྱེན་ངན་བྱུངམ་ད་ ཁོང་གཉིས་ཆ་ར་ ཆང་འཐུང་ཡོདཔ་ལས་ ར་བཟི་སྟེ་སྡོད་ཡི་ཟེར་ཨིན་པས།
དེ་གི་ནངས་པར་ ཕྱི་རུའི་ཆུ་ཚོད་༧ དེ་ཅིག་ལུ་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ གློ་བུར་ལས་ཁུངས་ནང་ཡོད་མི་ ཌོག་ཊར་ཅིག་གིས་ ཁྲིམས་སྲུང་འགག་སྡེ་ལུ་ སྙན་ཞུ་འབད་ཡོདཔ་ད་ ནདཔ་དེ་ སྨན་ཁང་ནང་ འབག་འོངམ་ད་ དྲན་པ་མེདཔ་མ་ཚད་ ལྷ་པ་ནང་ལས་ ཁྲག་འཛགས་ཡོདཔ་ཨིན་པས།
བུམོ་དེ་ལུ་ རྨ་སྐྱོན་དུམ་གྲ་ཅིག་ བྱུང་ཡོདཔ་ལས་ སྨན་ཁང་ནང་ སྨན་བཅོས་འབད་བའི་ཤུལ་ལུ་ དེ་ཚེ་ར་ བཏང་ཡོདཔ་ཨིན་རུང་ ཚེ་འདས་དེ་ སྨན་ཁང་གི་ ཚབས་ཆེན་མཐའ་སྐྱོང་སྡེ་ཕྲན་ནང་ བཞག་པའི་ཤུལ་ལས་ མགུ་ཏོ་ཁར་ གནོད་སྐྱོན་བྱུང་ནི་དེ་གིས་ ཤི་རྐྱེན་བྱུང་ནུག།
ད་རུང་ ཀུན་གསལ་གྱིས་གོ་མི་ ལོ་རྒྱུས་དང་འཁྲིལཝ་ད་ བྱུང་རྐྱེན་དེ་ནང་ ཞིབ་དཔྱད་འབད་བའི་སྐབས་ ཞིབ་དཔྱད་འགོ་དཔོན་ཅིག་གི་ རྐངམ་གཡོནམ་དང་ གཡགས་པའི་ལག་ངར་ཆག་དཀྲུམས་ ཞུགས་ཡོདཔ་ཨིན་པས།
གནད་དོན་དེ་ལུ་ གཞན་གྱིས་གནོདཔ་བཀལ་བའི་ དོགས་པ་ཡོད་མེད་སྐོར་ ད་ལྟོ་ ག་ནི་ཡང་ སླབ་སླབ་མེད་རུང་ ད་ལྟོ་ ཞིབ་དཔྱད་རྐྱབ་པའི་བསྒང་ཡོད་པའི་གནས་ཚུལ།

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *