ཕོ་སྐྱེས་ཅིག་ལུ་ སྲུང་རྒྱབ་དམར་བསད་འབད་བའི་བཙོན་ཁྲིམས་ལོ་༩ བཀལ་ཡོདཔ།

༉ ཐིམ་ཕུག་ཉེས་རྩོད་ཁྲིམས་ཁྲི་གཉིས་པ་གིས་ སྐྱེས་ལོ་༢༢ ལང་མི་ ཕོ་སྐྱེས་ཅིག་གིས་ སྐྱེས་ལོ་༢༤ ལང་མི་ ཕོ་སྐྱེས་ཅིག་ དམར་བསད་འབད་མི་ལུ་བརྟེན་ བཙོན་ཁྲིམས་ལོ་༩ དང་ རྒུད་འཐུས་དངུལ་ཀྲམ་ས་ཡ་༠.༤༩༢ སྤྲོད་དགོ་པའི་ འཁྲུན་ཆོད་བཏོན་ནུག།
ཁ་ཙ་བཏོན་མི་ འཁྲུན་ཆོད་དང་འཁྲིལཝ་ད་ ཉེས་ཅན་པེ་རེམ་བིས་ཝ་ཀརྨ་གིས་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ སྲུང་རྒྱབ་ ཚེ་འདས་ཀུན་དགའ་དཔལ་འབྱོར་གྱི་ ཨོལ་ལྐོག་དང་ མ་མཁལ་གུ་ མཛོག་ཕུག་བླུགས་བྱིན་མི་ལུ་བརྟེན་ ས་ཁར་འགྱེལ་འགྱོཝ་ད་ མགུ་ཏོ་རྩི་ས་གུ་ ཕོག་མི་ལུ་བརྟེན་ ཤི་རྐྱེན་བྱུང་ནུག་ཟེར་ཨིན་པས།
ཉེས་ཅན་གྱིས་ བྱ་ངན་འབད་བའི་སྐབས་ གཞན་གྱིས་ བཙན་བསྐུལ་ཐོག་མེན་པར་ ཁོ་རའི་དང་བླངས་ཐོག་ འབད་ཡོད་པའི་སྐོར་ལས་ ཁྲིམས་སྲུང་འགག་པ་ལུ་ ངག་བརྗོད་བྱིན་ཡོདཔ་མ་ཚད་ བྱ་ངན་འབད་མི་དེ་ལུ་ རྫུན་ཁ་བཟེད་ཡོདཔ་ཨིན་པས།
གསོ་བའི་བརྟག་དཔྱད་སྙན་ཞུ་དང་འཁྲིལཝ་ད་ ཚེ་འདས་ཀྱི་མགུ་ཏོ་གུ་ རྨ་སྐྱོན་བྱུང་ནུག་ཟེར་ཨིནམ་ད་ ཉེས་ཅན་གྱིས་ ཧེ་མ་ དེ་བཟུམ་འབད་བའི་ ཐོ་བཀོད་མེདཔ་ལས་ ཁོ་ལུ་ དབྱེ་རིམ་གཉིས་པའི་བཙོན་ཁྲིམས་ལོ་༩ བཀལ་ཡོདཔ་ད་ དེ་ཡང་ སྤྱི་ལོ་༢༠༡༧ ཟླ་༢ པའི་ཚེས་༧ ལུ་ འཛིན་བཟུང་འབདཝ་ལས་ཚུར་ སྤྱི་ལོ་༢༠༢༦ ཟླ་༢ པའི་ཚེས་༨ ཚུན་ བཙོན་ཁྲིམས་སྨིན་དགོ་ནི་ཨིན་པས།
ཉེས་ཅན་གྱི་ སེམས་ཁམས་བརྟག་དཔྱད་འབད་བའི་སྐབས་ དྲན་ཤེས་ལྕོགས་གྲུབ་ཅན་ཡོད་པའི་ ཤེས་རྟོགས་བྱུང་ཡོདཔ་ལས་ དེ་དང་བསྟུན་པའི་ འཁྲུན་ཆོད་གནང་ནུག།
རྒུད་འཐུས་དངུལ་ཀྲམ་ས་ཡ་༠.༤༩༢ སྤྲོད་དགོ་མི་དེ་ཡང་ ཚེ་འདས་ཀྱི་དོན་ལུ་ ལོ་ངོ་༡༠ གྱི་རིང་ རྒྱལ་ཡོངས་ལས་མིའི་གླ་ཆ་དངུལ་ཀྲམ་༡༢༥ གུ་རྩིས་ཕབ་སྟེ་ བསྡོམས་ཀྱིས་དངུལ་ཀྲམ་ས་ཡ་༠.༤༥ དང་ ཕུངམ་བསྡུ་མི་དང་ དགེ་རྩ་འབད་མི་ལུ་ དངུལ་ཀྲམ་༤༢,༨༧༥ སྤྲོད་དགོ་མི་དེ་ འཁྲུན་ཆོད་གནང་བའི་ ཞག་གྲངས་༡༠ གྱི་ནང་འཁོད་ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ ངོ་ཚབ་བརྒྱུད་དེ་ ཚེ་འདས་ཀྱི་བཟའ་ཚང་ལུ་ སྤྲོད་དགོ་ནི་ཨིན་པས།
རྒུད་འཐུས་ཚུ་ སྤྲོད་མ་ཚུགས་པ་ཅིན་ དེའི་ཚབ་ལུ་ ཁྲིམས་ཚད་ལུ་ཕབ་སྟེ་ བཙོན་ཁྲིམས་སྨིན་དགོ་ནི་ཨིནམ་ད་ བཙོན་ཁྲིམས་ཕོག་མི་ལུ་ ཁྲིམས་འཐུས་བཏབ་མི་ཆོག་ནི་ཨིན་པས།
བྱ་ངན་དེ་ཡང་ དུས་ཅི་ སྤྱི་ཟླ་དང་པའི་ཚེས་༩ ལུ་ སྨན་ཁང་གི་ ཐོག་ཚད་༣ པའི་ནང་བྱུང་ཡོདཔ་ད་ དེ་བསྒང་ ཚེ་འདས་སྲུང་རྒྱབ་དེ་ ལྷ་པ་དང་ ཁ་ནང་ལས་ ཁྲག་འཛགས་ཏེ་ དྲན་མེད་ཐལ་ཡོདཔ་མཐོང་སྟེ་ སྨན་ཁང་ནང་བསྐྱལ་བའི་ཤུལ་ལས་ དེ་ཚེ་ཕྱི་རུ་ར་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།
སྨན་ཁང་གིས་ བརྟག་དཔྱད་འབད་བའི་སྐབས་ ཚེ་འདས་ཀྱི་མགུ་ཏོ་རྒྱབ་ཁར་ བཅག་དཀྲུམས་བཏང་ཡོདཔ་མ་ཚད་ པུས་མོ་གཡསཔ་དང་ མགུ་ཏོ་རྒྱབ་ཁར་ རྨ་སྐྱོན་ཆུང་ཀུ་རེ་ བཏོན་ཡོདཔ་མཐོང་ནུག།
ཁྲིམས་སྲུང་འགག་པ་གིས་ བྱ་ངན་བྱུང་བའི་སྐབས་ ཞིབ་དཔྱད་འབདཝ་ད་ ཧེ་མ་ སྨན་ཁང་ནང་ ཆུ་འཁྱུ་མི་སྦེ་ ལཱ་འབད་མི་ ཉེས་ཅན་དེ་ རྐྱེན་ངན་བྱུང་བའི་སྐབས་ སྨན་ཁང་ནང་ འཁྱམས་སྡོད་པའི་སྐོར་ཤེས་ཏེ་ དྲི་དཔྱད་འབདཝ་ད་ ཚེ་འདས་དང་གཅིག་ཁར་ མ་འཆམ་པའི་སྐོར་ལས་ སླབ་ཡོད་རུང་ བྱ་ངན་འབད་བའི་སྐོར་ལས་ ཁ་བཟེད་མ་བཏུབ་ཨིན་པས།
ཨིན་རུང་ ཤུལ་ལས་ དྲི་དཔྱད་འབད་བའི་སྐབས་ རྫུན་ཁ་བཟེད་ཡོདཔ་ ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *