ཕོ་སྐྱེས་ཅིག་ལུ་ སྨྱོ་རྫས་འཆང་སྤྱོད་འབད་མི་ལུ་བརྟེན་ བཙོན་ཁྲིམས་ཟླཝ་༡༣ བཀལ་ཡོདཔ།

༉ ཕོ་སྐྱེས་ཅིག་གིས་ སྨྱོ་རྫས་ཀེ་ན་བིས་ཀྱི་ཐོན་སྐྱེད་ ཧ་ཤིཤ་ག་རམ་༢.༠༡༩༤ འཆང་སྤྱོད་འབད་མི་ལུ་བརྟེན་ ཉེས་རྩོད་ཁྲིམས་ཁྲི་གིས་ བཙོན་ཁྲིམས་ཟླཝ་༡༣ བཀལ་ཡོདཔ་ཨིན་པས།
ཉེས་འཛུགས་ཅན་དེ་ ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༦ པའི་ཚེས་༢ ལུ་ འཛིན་བཟུང་འབད་དེ་ ཞག་༢༧ དོ་དམ་འོག་ལུ་ བཙུགས་བཞག་ཡོདཔ་ད་ ཉེས་འཛུགས་ཅན་གྱིས་ བྱ་ངན་འབད་མི་དེ་ལུ་ ཁ་བཟེད་ཡོདཔ་ཨིན་པས།
བཀྲིས་སྒང་ ཕོངས་མེད་ལས་ ཉེས་འཛུགས་ཅན་ བུམ་པ་ཚེ་རིང་གིས་ དོ་དམ་འོག་ལུ་ སྡོད་པའི་ལྷག་ལུས་ཀྱི་དོན་ལུ་ ཁྲིམས་འཐུས་བཏབ་ཆོག་ནི་ཨིན་པས།
འཁྲུན་ཆོད་དང་འཁྲིལཝ་ད་ ཉེས་འཛུགས་ཅན་དེ་ སྤྱི་ཟླ་༦ པའི་ཚེས་༢ ལུ་ ཐིམ་ཕུག་ ཨོ་ལ་ཁ་ལུ་ འཛིན་བཟུང་འབད་བའི་ཚེ་ འབྲུག་གི་སྨྱོ་རྫས་དང་སེམས་ཁམས་འཁྲུགས་རྫས་ རྫས་རིགས་ལོག་སྤྱོད་བཅའ་ཁྲིམས་༢༠༡༥ ཅན་མའི་ ཟུར་དེབ་༧ པའི་ནང་ ལྗིད་ཚད་ག་རམ་༧ ལས་ཉུངམ་སྦེ་ འཆང་ཡོདཔ་ལས་ ཉེས་འཛུགས་ཅན་ལུ་ བཅའ་ཁྲིམས་དེ་གི་ དགོངས་དོན་ལྟར་ ཉེས་ཕྲའི་ཉེས་ཁྲིམས་སྨིན་དགོཔ་འདུག་ཟེར་ ཞུ་ཡོདཔ་ཨིན་པས།
ཉེས་འཛུགས་ཅན་གྱིས་ དེ་བཟུམ་མའི་ བྱ་ངན་འབད་མི་དེ་ལུ་ བློ་འགྱོད་བསྐྱེད་ཡོདཔ་མ་ཚད་ ཁོ་ར་ བཟའ་ཚང་ནང་ལས་ སྦོམ་ཤོས་ཅིག་འབདཝ་ལས་ ཉེས་ཁྲིམས་གང་ཉུང་བཀལ་དགོ་པའི་ ཞུ་བ་འབད་ཡོད་རུང་ ཞིབ་དཔྱད་འབད་བའི་སྐབས་ སྒྲུབ་བྱེད་ཚུ་ག་ར་ རྩོད་དཔོན་ཡོངས་ཁྱབ་ཀྱིས་ ཉེས་འཛུགས་འབད་མི་ལྟར་དུ་ ཐོན་ཡོདཔ་ལས་ ཉེས་ཁྲིམས་སྨིན་དགོཔ་སྦེ་ འཁྲུན་ཆོད་ནང་བཀོད་ནུག།
བཙོན་ཁྲིམས་ཀྱི་ཚབ་ལུ་ ཉེས་འཛུགས་ཅན་གྱིས་ ཁྲིམས་འཐུས་དངུལ་ཀྲམ་༥༤,༣༧༥ བཏབ་ཆོག་ནི་ཨིནམ་ད་ འཁྲུན་ཆོད་དེ་ སྤྱི་ཟླ་༧ པའི་ཚེས་༡༩ ལུ་ གནང་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

བཟའ་ཚང་ཅིག་ མི་ཚེ་སོར་སྒྱུར་ལུ་བརྟེན་ གནས་སྟངས་སྐྱོ་དྲགས་ནང་ཡོདཔ།

༉ འདས་པའི་ལོ་༢ མ་ལངམ་ཅིག་གི་ཧེ་མར་ འཇིགས་མེད་དེ་ མོང་སྒར་འབྲས་སྤུངས་རྒེད་འོག་ བཟུང་ལེན་གཡུས་ཚན་ནང་ བཟའ་ཚང་སྐྱོང་ནིའི་དོན་ལུ་ འགན་ཁུར་ཧྲིལ་བུམ་འབག་སྟེ་ བཟའ་ཚང་གི་མཐའ་དོན་ལུ་ བརྩོན་ཤུགས་བསྐྱེད་དེ་ ལཱ་འབད་མི་ཅིག་ཨིན་པས། སྐྱེས་ལོ་༣༨ ལང་མི་ཕོ་སྐྱེས་དེ་གིས་ ནང་མི་ཚུ་ལུ་ བཟའ་འཐུང་ཚུ་ …

Leave a Reply

Your email address will not be published. Required fields are marked *