སྤྱི་ཟླ་༩ པའི་ཚེས་༢ ལུ་ རྐང་འཁོར་གྱི་རྒྱུག་འགྲན་ནང་ བསོད་ནམས་ཀྱིས་ དུས་ཡུན་ཆུ་ཚོད་༡༢.༣༧ ནང་ བུམ་ཐང་ལས་ ཐིམ་ཕུག་ཆུ་ཚོད་འཁོར་ལོའི་ ཀ་ཆེན་ལུ་ ལྷོད་པའི་བསྒང་།

ཕོ་སྐྱེས་ཅིག་གིས་ རྐང་འཁོར་རྒྱུག་འགྲན་ནང་ ལན་ཐེངས་༤ ཨང་དང་པ་ཐོན་ཡོདཔ།

༉ སྤྱི་ལོ་༢༠༡༧ གྱི་ ཊུར་ཨོཕ་ དཱ་ ཌའི་གཱོན་གྱི་ རྐང་འཁོར་རྒྱུག་འགྲན་ཐེངས་༨ པའི་ འགྲན་བསྡུར་ནང་ སྐྱེས་ལོ་༤༠ ལང་མི་ བསོད་ནམས་ཀྱི་ བུམ་ཐང་ལས་ ཐིམ་ཕུག་ཆུ་ཚོད་འཁོར་ལོའི་ ཀ་ཆེན་ཚུན་ དུས་ཡུན་ཆུ་ཚོད་༡༢.༣༧ ནང་ལྷོད་དེ་ ཨང་དང་པ་ཐོན་ཡི།འབྲུག་ལུ་ རྐང་འཁོར་རྒྱུག་འགྲན་ནང་ ཡོངས་གྲགས་ཅན་ཅིག་ཨིན་མི་ བསོད་ནམས་ཀྱིས་ འགྲན་བསྡུར་ནང་ལས་ དྲག་ཤོས་ཐོན་མི་དེ་ ད་རེས་འབདཝ་ད་ ཐེངས་༤ པ་ཨིན་པས།སྒེར་སྡེ་ཅིག་ནང་ ལཱ་འབད་མི་ བསོད་ནམས་ཀྱིས་ ན་ཧིང་ སྤྱི་ཟླ་༦ པའི་ནང་ ཡུ་ཨེསི་ལུ་ རྐང་འཁོར་རྒྱུད་འགྲན་འབད་བའི་སྐབས་ གནོད་སྐྱོན་བྱུང་མི་ལུ་བརྟེན་ བཅའ་མར་གཏོགས་མ་ཚུགསཔ་ལས་ ན་ཧིང་གི་ འགྲན་བསྡུར་ནང་ རྒྱལ་སྤྱིའི་རྩེད་འགྲན་པ་ཅིག་གིས་ ཨང་དང་པ་ཐོན་ཡོད་རུང་ དུས་ཅི་ ཁོ་གིས་ ཟླཝ་༢ ཀྱི་རིང་ སྦྱང་བ་འབད་དེ་ ཨང་དང་པའི་གསོལ་རས་དེ་ རྒྱལ་ཁབ་ནང་ར་ བཞག་ཚུགསཔ་ལས་ སེམས་དགའ་ཡི་ཟེར་ བཤདཔ་ཨིན་པས།ཁོ་གིས་འབད་བ་ཅིན་ ད་རེས་ནངས་པར་ ཤར་ནུབ་ཀྱི་གཞུང་ལམ་ཚུ་ རྒྱ་སྐྱེད་འབད་མི་དང་ ཆརཔ་རྐྱབ་མི་ལུ་བརྟེན་ གདོང་ལེན་སྦོམ་སྦེ་ར་ བྱུང་ཡི་ཟེར་ཨིནམ་ད་ མ་གཞི་ ཁོ་གིས་ ཆུ་ཚོད་༡༢ ལས་ ཧ་སུ་ཅིག་སྦེ་ མཇུག་བསྡུ་ནི་གི་ རེ་བ་བསྐྱེད་རུང་ ལམ་ཁར་རྐང་འཁོར་གྱི་ རླུང་མ་ཐོན་ཡར་སོཔ་ལས་ དུས་ཡུན་དུམ་གྲ་ཅིག་ གྱིབ་འཁོར་བཅོ་ཁ་རྐྱབ་སྟེ་ ལུས་སོ་ཡི་ཟེར་ཨིན་པས།ནེ་པཱལ་ལས་ རཱཇ་ཀུ་མར་ ཤེ་རེསི་ཐ་གིས་ དུས་ཡུན་ཆུ་ཚོད་༡༣.༡༡ ལུ་ མཇུག་བསྡུ་སྟེ་ ཨང་༢ པ་ ཐོན་ཡོདཔ་བཞིན་དུ་ ཁོ་གིས་ ན་ཧིང་ཡང་ ཨང་༢ པ་ཐོན་ཡོདཔ་ད་ ནོར་བུ་གིས་ དུས་ཡུན་ཆུ་ཚོད་༡༤.༢༠ ལུ་ ལྷོད་ཡོདཔ་ལས་ ཨང་༣ པ་ཐོན་ནུག།བུམ་ཐང་ལས་ ཐིམ་ཕུག་ཚུན་ ཀི་ལོ་མི་ཊར་༢༦༨ རྒྱུག་འགྲན་འབད་མིའི་ནང་ ཕྱི་རྒྱལ་ལས་ མི་གྲངས་༡༥ དང་ ཨམ་སྲུ་༢ འབདཝ་ད་ མི་གྲངས་༣༥ གིས་ བཅའ་མར་གཏོགས་མིའི་གྲས་ལས་༡༣ རྐྱངམ་གཅིག་གིས་ འགྲན་བསྡུར་དེ་ མཇུག་བསྡུ་ཚུགས་ཡོདཔ་ཨིན་པས།དེ་བཟུམ་སྦེ་ སྤུ་ན་ཁ་མེ་འཚིགས་ནང་ལས་ ཐིམ་ཕུག་ཆུ་ཚོད་འཁོར་ལོའི་ ཀ་ཆེན་ཚུན་འབད་མི་ ཌའི་གཱོན་ཕེ་རི་ རྐང་འཁོར་རྒྱུག་འགྲན་ ཐེངས་༣ པའི་ནང་ ཕོ་སྐྱེས་རྒས་ཤོས་ཀྱི་ དབྱེ་ཁག་ནང་ལས་ དུས་ཡུན་ཆུ་ཚོད་༢.༣༠ ལུ་ མཇུག་བསྡུ་མི་དེ་གིས་ ཨཱསི་ཊ་ལི་ཡ་ལས་ ཇོ་ན་ཐཱ་ རེཊ་མེན་གྱིས་ དྲག་ཤོས་ཐོན་ཡོདཔ་ད་ ཆུ་ཚོད་༢.༣༢ ལུ་ མཇུག་བསྡུ་མི་ བསོད་ནམས་བསྟན་འཛིན་གྱིས་བར་མའི་དབྱེ་ཁག་ནང་ལས་ ཨང་དང་པ་ཐོན་ནུག།དེ་ལས་ ཨམ་སྲུ་རྒས་ཤོས་ཀྱི་ དབྱེ་ཁག་ནང་ལས་ འཆི་མེད་སྒྲོལ་མ་གིས་ དུས་ཡུན་ཆུ་ཚོད་༣.༣༥ གི་ནང་འཁོད་ལུ་ མཇུག་བསྡུཝ་ལས་ ཨང་དང་པ་ཐོན་པའི་ཁར་ བར་མའི་དབྱེ་ཁག་ལས་ བསྟན་འཛིན་དབང་མོ་གིས་ དྲག་ཤོས་ཐོན་ནུག།འགྲན་བསྡུར་དེ་ཡང་ འབྲུག་ཨོ་ལིམ་པིག་ཚོགས་སྡེ་དང་ འབྲུག་ལྟ་བཤལ་ལས་སྡེ་ ཨ་མཱན་ཀོ་ར་ཚུ་གིས་ སྤྱི་ཟླ་༩ པའི་ཚེས་༢ ལུ་ འགོ་འདྲེན་འཐབ་ཡོདཔ་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

བོང་ཟམ་ཚུན་ འཁོར་ལམ་བསལ་ཡོད་རུང་ ཟམ་མེདཔ།

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་ལྟེ་བ་ལས་ ཆུའི་ཕར་ཁ་དང་ ཚུར་ཁར་སྡོད་མི་ཚུ་ རྒེད་འོག་ལྟེ་བའི་ནང་འོང་པའི་སྐབས་ སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལུ་ བསྐོར་ལམ་མཐུད་སྦྲེལ་འབད་ནི་དེ་ བོང་ཟམ་ཚུན་ བསལ་ཡོདཔ་ཨིན་རུང་ མང་སྡེ་ཆུའི་གུ་ལས་ ཟམ་མེདཔ་ཨིན་པས། ཟམ་བཟོ་སྐྲུན་འབད་བའི་ཤུལ་ལས་ མང་སྡེ་ཕུག་དང་ ལྗོངས་ཐང་ …

Leave a Reply

Your email address will not be published. Required fields are marked *