ཕོ་སྐྱེས་༢ ལུ་ གྱི་ཅུང་ཀ་ཊ་ལ་ གསོབ་བྱིན་མི་རྩོད་བཤེར་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ བཏང་ཡོདཔ།

༉ སྤུ་ན་ཁ་ཁྲིམས་སྲུང་འགག་སྡེ་གིས་ སྐྱེས་ལོ་༢༩ ལང་མི་ ཕོ་སྐྱེས་༡ གིས་ གཞན་མི་ཕོ་སྐྱེས་༢ ལུ་ གྱི་ཅུང་ཀ་ཊ་ལ་གསོབ་སྟེ་ རྨ་བཏོན་ཁྲག་བཏོན་འབད་བའི་ ཉེས་འཛུགས་ཐོག་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ བཏང་ཡོདཔ་ཨིན་པས།
གནད་དོན་དེ་ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ད་ལྟོ་ བསྐྱར་ཞིབ་མ་འབད་བར་ཡོདཔ་ད་ རྐྱེན་ངན་དེ་ཡང་ ན་ཧིང་ སྤྱི་ཟླ་༡༢ པའི་ཚེས་ཚེས་༤ ལུ་ ལོད་སྦིས་ས་ལུ་ བྱུང་ཡོདཔ་ཨིན་པས།
དེ་ཡང་ ཉེས་འཛུགས་ཅན་ འཕྲིན་ལས་རྒྱལ་མཚན་ལུ་ ཕོ་སྐྱེས་སྡེ་ཚན་ཅིག་གིས་ བརྡུང་རྫོབ་འབད་བའི་སྐབས་ གྱི་ཅུང་ཀ་ཊ་ལ་གིས་ ཀར་ན་བྷ་དུར་ མོང་སྒར་དང་ རན་བྷ་དུར་ ཇོ་ཇི་ལུ་ གསོབ་བྱིན་ཡོདཔ་ཨིན་པས།
བྱ་ངན་དེའི་ སྙན་ཞུ་ལྷོད་པའི་ཤུལ་ལས་ སྤུ་ན་ཁ་ཁྲིམས་སྲུང་འགག་པ་གིས་ ས་ཁོངས་ནང་སོང་སྟེ་ ཞིབ་དཔྱད་འབད་བའི་སྐབས་ འཕྲིན་ལས་རྒྱལ་མཚན་གྱིས་ གྱི་གསོབ་བྱིན་པའི་ རྫུན་ཁ་བཟེད་པའི་ཤུལ་ལས་ དོ་དམ་ནང་ བཙུགས་ཡོདཔ་ཨིན་པས།
བྱ་ངན་དེ་ཡང་ གཙོ་བོ་ར་ ཉམས་རྒུདཔ་ཀར་ན་བྷ་དུར་ མོང་སྒར་གྱིས་ རན་བྷ་དུར་ ཇོ་ཇི་གི་ཨམ་སྲུ་དེ་ ཁོ་དང་གཅིག་ཁར་ ཨ་རོགས་དགའ་རོགས་ཨིན་མས་ཟེར་ སླབ་པའི་ཤུལ་ལས་ བྱེལཝ་ཐོནམ་ད་ ཉེས་འཛུགས་ཅན་ལུ་ མི་༧ དེ་ཅིག་གིས་ བརྡུང་རྫོབ་འབདཝ་ལས་ ཁོ་གིས་ གྱི་ཅུང་ཀ་ཊ་ལ་ཅིག་འཐུ་སྟེ་ ག་ལྷོད་བླུགས་བྱིན་ཡོད་རུང་ གྱི་ཅུང་ཁུ་ཁུ་རི་གིས་ བླུགས་མ་ཚུགས་ཟེར་ ཁྲིམས་སྲུང་འགག་པ་ལུ་ སླབ་ནུག།
ཀར་ན་བྷ་དུར་ མོང་སྒར་གྱིས་ ཁྲིམས་སྲུང་འགག་པ་ལུ་ ངག་བརྗོད་བྱིན་མི་དང་འཁྲིལཝ་ད་ རྐྱེན་ངན་བྱུང་བའི་ཚེ་ ཁོ་ར་ ཚོང་ཁང་ཅིག་ནང་སོངམ་ད་ ཉེས་འཛུགས་ཅན་དང་ཕྱད་དེ་ བློ་སླབ་སྡོད་པའི་ཤུལ་ལས་ ཆང་ཁང་གཞན་ཅིག་ནང་འགྱོཝ་ད་ ཉེས་འཛུགས་ཅན་གྱིས་ ཁོ་གི་ རྟིང་ཤུལ་བདའ་འོང་སྟེ་ དོན་མེད་པར་རྡོག་ཐལ་བླུགས་བྱིན་ཏེ་ ས་ཁར་འགྱེལ་འགྱོ་བའི་ཤུལ་ལས་ ལོང་ལྟཝ་ད་ ཉམས་རྒུདཔ་ རན་བྷ་དུར་ ཇོ་ཇིའི་ལྷ་པ་ནང་ལས་ ཁྲག་ཐོན་སར་མཐོང་སྟེ་ ཉེས་འཛུགས་ཅན་དེ་ འཕུད་བཏང་ཡི་ཟེར་བཤད་ནུག།
དེ་གི་ཤུལ་ལས་ འཕྲིན་ལས་རྒྱལ་མཚན་གྱིས་ གྱི་ཅུང་དང་ ཁུ་ཁ་རི་འབག་འོང་སྟེ་ ཀར་ན་བྷ་དུར་ མོང་སྒར་གྱི་རྐངམ་མར་ བླུགས་བྱིན་ཏེ་ ས་ཁོངས་ནང་ལས་ བྱོག་སོང་ཡི་ཟེར་ ངག་བརྗོད་ནང་བཀོད་ནུག།
ཨིན་རུང་ བྱ་ངན་འབད་སར་མཐོང་མི་ འཕྲིན་ལས་རིན་ཆེན་ཟེར་མི་ཅིག་གིས་ ཁྲིམས་སྲུང་འགག་པ་ལུ་ འཐབ་འཛིང་འབད་སར་མཐོང་བའི་སྐབས་ མི་ལེ་ཤ་ཅིག་གིས་ ཉེས་འཛུགས་ཅན་ལུ་ བརྡུང་རྫོབ་འབདཝ་ད་ ཉེས་འཛུགས་ཅན་གྱི་ལག་པར་ གྱི་ཅུང་ཆུང་ཀུ་ཅིག་ཡོད་མི་དེ་གིས་ བླུགས་བྱིན་སར་ མཐོང་ཡི་ཟེར་སླབ་ནུག།
དེ་མ་ཚད་ འཐབ་འཛིང་འབད་སར་མཐོང་མི་ རཱཇ་གུ་རུང་གིས་ཡང་ ཁྲིམས་སྲུང་འགག་སཔ་ལུ་ ཉེས་འཛུགས་ཅན་གྱིས་ གྱི་ཅུང་ཀ་ཊ་ལ་གིས་བླུགས་བྱིན་ཏེ་ རྨ་བཏོན་སར་མཐོང་ཡི་ཟེར་ ངག་བརྗོད་བཀོད་ནུག།
ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་སྐབས་ འཕྲིན་ལས་རྒྱལ་མཚན་གྱིས་ འཐབ་འཛིང་འབད་བའི་ཤུལ་ལས་ རན་བྷ་དུར་ ཇོ་ཇི་དང་ ཀར་ན་བྷ་དུར་ མོང་སྒར་གཉིས་ལུ་ ཀ་ཊ་ལ་གིས་ བླུགས་བྱིན་ཡོད་རུང་ གྱི་ཅུང་ཁུ་ཁ་རི་གིས་ བླུགས་མ་ཚུགས་པའི་ མངོན་གསལ་བྱུང་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ རྩོད་བཤེར་དེ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ བཏང་པའི་སྐབས་ ཉེས་འཛུགས་ཅན་གྱིས་ ཉམས་རྒུདཔ་༢ ལུ་ གྱི་ཅུང་ཀ་ཊ་ལ་གིས་ བླུགས་བྱིན་པའི་སྐབས་ རྨ་བཏོན་ཁྲག་བཏོན་འབད་མི་དེ་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ཀྱི་ དོན་ཚན་༡༥༩ གི་ ཁ་པ་ལས་འགེལ་སོ་ནུག་ཟེར་ ཉེས་འཛུགས་འབད་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *