ཕོ་སྐྱེས་༡ དམར་བསད་ཀྱི་ འབྲེལ་གནད་ནང་ མི་༦ འཛིན་བཟུང་།

༉ དུས་ཡུན་ཟླ་ངོ་ཅིག་གི་རིང་ རྒྱ་ཆེཝ་སྦེ་ འཚོལ་ཞིབ་འབད་བའི་ཤུལ་ལས་ ཕུན་ཚོགས་གླིང་གི་ ཁྲིམས་སྲུང་འགག་པ་གིས་ སྐྱེས་ལོ་༢༦ ལང་མི་ ཕོ་སྐྱེས་ཅིག་ དམར་བསད་འབད་མིའི་ནང་ འབྲེལ་བ་ཡོད་པའི་དོགས་ཅན་ འབྲུག་མི་༣ དང་ ཕྱི་མི་༣ འཛིན་བཟུང་འབད་ཡོདཔ་ཨིན་པས།
ཆུ་ཁ་སྦོང་སྒོ་རྒེད་འོག་ སྐྱེ་ཏོག་ཁ་ལས་འབད་མི་ ཚེ་འདས་དེ་ སྤྱི་ཟླ་༤ པའི་ཚེས་༢༤ གི་ནུབ་མོར་ དམར་བསད་འབད་ཡོད་རུང་ ཁོ་གི་ཕུངམ་དེ་ སྤྱི་ཟླ་༥ པའི་ཚེས་༦ ལུ་ རྒྱ་གར་ཧ་ཤི་མ་ར་ལུ་ མ་དུ་ནགས་ཚལ་ནང་ལས་ ནགས་ཚལ་ལས་བྱེདཔ་ཚུ་གིས་མཐོང་སྟེ་ ཇའི་སྒང་གི་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་དང་ གསོ་བའི་སྡེ་ཚན་དེ་ ས་ཁོངས་ནང་ལྷོདཔ་ད་ ཚེ་འདས་ཀྱི་ཕུངམ་ རུལ་སོ་ནུག་ཟེར་ཨིནམ་ད་ ད་ལྟོ་ ཞིབ་དཔྱད་འབད་དགོཔ་ཚུ་ག་ར་ མཇུག་བསྡུ་ཡོདཔ་མ་ཚད་ དོགས་ཅན་ཕོ་སྐྱེས་༦ གིས་ དམར་བསད་འབད་བའི་ རྫུན་ཁ་བཟེད་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པའི་ སྙན་ཞུ་དང་འཁྲིལཝ་ད་ བྱ་ངན་དེ་ དམར་བསད་མ་འབད་བའི་ ཧེ་མ་ལས་ འཆར་གཞི་བརྩམས་ཡོདཔ་མ་ཚད་ དོགས་ཅན་ག་ར་གིས་ ཚེ་འདས་དེ་ ངོ་ཤེས་པས་ཟེར་ཨིན་པས།
ཚེ་འདས་དེ་ སྤྱི་ཟླ་༤ པའི་ཚེས་༢༤ ལུ་ ཁོ་རའི་སྣུམ་འཁོར་ བོ་ལེ་རོ་དང་སྦྲགས་ བྱང་སྟོར་ཤོར་ཡོད་པའི་སྐོར་ལས་ ཚེ་འདས་ཀྱི་ ཨ་པ་གིས་ སྤྱི་ཚེས་༢༧ ལུ་ ཕུན་ཚོགས་གླིང་གི་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་བའི་ཤུལ་ལུ་ ཇའི་སྒང་གི་ ཁྲིམས་སྲུང་འགག་པ་དང་ མཉམ་འབྲེལ་ཐོག་ འཚོལ་ཞིབ་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས།
དམར་བསད་ཀྱི་ འཆར་གཞི་དེ་ ཚེ་འདས་ཀྱིས་ ཆུ་ཁ་གད་ལྟག་ནང་ སྤྱིར་གཡུས་ལས་ སྐྱེས་ལོ་༢༨ ལང་མི་ ཕོ་སྐྱེས་ལས་ དངུལ་ཀྲམ་༡༠,༠༠༠ བསྐྱི་མི་ལུ་བརྟེན་ བརྩམས་ནུག་ཟེར་ཨིན་པས།
དུས་ཅི་ སྤྱི་ཟླ་༢ པའི་ནང་ ཚེ་འདས་ཀྱིས་ བཀག་དམ་ཅན་གྱི་ སྨྱོ་རྫས་ཚུ་ ཉོ་ཞིནམ་ལས་ ཐིམ་ཕུག་ལུ་ ནག་ཚོང་འཐབ་ནི་གི་དོན་ལུ་ ཕོ་སྐྱེས་དེ་ལས་ ཏི་རུ་བསྐྱི་ཡོདཔ་ད་ ཤུལ་ལས་ ཏི་རུ་བསྐྱི་བར་བྱིན་མི་དེ་གིས་ དངུལ་དགོཔ་སྦེ་སླབ་ད་ ཚེ་འདས་ཀྱིས་ འཇིགས་སྐྲག་སྟོན་ནུག་ཟེར་ཨིན་པས།
དེ་ལས་ ཕོ་སྐྱེས་དེ་གིས་ ཚེ་འདས་དེ་ དམར་བསད་ཐོག་ དགྲ་ལན་འཇལ་ནི་གི་ འཆར་གཞི་བརྩམས་སྡོད་པའི་བར་ན་ སྤྱི་ཟླ་༤ པའི་ནང་ སློབ་རིམ་༢ པ་ལས་ཐོན་སྡོད་མི་ གསར་སྤང་ལས་ སྐྱེས་ལོ་༡༩ ལང་མི་ ཁོ་རའི་ཆ་རོགས་དང་ ཕྱད་ཡོདཔ་ཨིན་པས།
དེ་ལས་ གསར་སྤང་གི་ ཕོ་སྐྱེས་དེ་གིས་ ས་མཚམས་ཕྱི་ཁ་ལས་ཨིན་མི་ ཁོ་གི་ཆ་རོགས་གསུམ་ ཏི་རུ་བསྐྱི་བར་བྱིན་མི་ལུ་ ངོ་སྤྲོད་འབད་ཡོདཔ་ཨིན་པས།
སློབ་གྲྭ་ལས་ ཐོན་སྡོད་མི་དེ་གིས་ ཆུ་ཁ་ལུ་ ཁོ་རའི་ ཨ་ཞང་གི་ཁྱིམ་ནང་ལས་ གློག་རིག་ལེབ་ཊོབ་ཅིག་ ཨར་རྐུན་འབད་དེ་ བཙོང་ཞིནམ་ལས་ ཇའི་སྒང་ལུ་ ཀུན་བཟང་ཟེར་མི་དང་གཅིག་ཁར་ ཟ་ཁང་ཅིག་ནང་ སྡོད་པའི་སྐབས་ལུ་ རྒྱ་གར་གྱི་ དོགས་ཅན་༣ དང་ཕྱད་ཡོདཔ་ཨིན་པས།
ཁོང་ཆ་ཁྱབ་ ཟ་ཁང་ནང་སྡོདཔ་ད་ ཏི་རུ་བསྐྱི་བར་བྱིན་མི་དེ་གིས་ ཚེ་འདས་དམར་བསད་འབད་ནི་གི་ འཆར་གཞི་བརྩམས་ཏེ་ ཕྱི་མི་༣ ལུ་ ཚེ་འདས་ཀྱི་ བོ་ལེ་རོ་བཙོང་ཞིནམ་ལས་ ཏི་རུ་སྤྲོད་ནི་སྦེ་ ཁས་ལེན་འབད་ཡོདཔ་ཨིན་པས།
དེ་སྦེ་ འཆར་གཞི་བརྩམས་ཞིནམ་ལས་ གྱོས་དཔོན་དེ་ གད་ལྟག་ནང་ལུ་ ཁོ་རའི་ཁྱིམ་ནང་ ལོག་སོང་ཡོདཔ་ད་ གསར་སྤང་གི་ ཕོ་སྐྱེས་དང་ ཕྱི་མི་ཉེས་འབྲེལ་བ་གཞན་༢ ཀྱིས་ ཚེ་འདས་ལུ་ རྒྱ་གར་གྱི་ས་གནས་ ཀཱལ་ཅི་ནི་ཟེར་ས་ལས་ ཆུམ་གྱི་དོ་ལེན་པར་ འགྱོ་ནི་ཨིན་ཟེར་ ཤོབ་སླབ་ནུག་ཟེར་ཨིན་པས།
ཁོང་ཆ་ཁྱབ་ ཚེ་འདས་ཀྱི་ སྣུམ་འཁོར་ནང་ འགྱོ་བའི་ལམ་ཁར་ དོགས་ཅན་ཕྱི་མི་༢ ཀྱིས་ ཁོང་སྡོད་སའི་ ཁྱིམ་ནང་ལས་ ཁུ་ཁུ་རི་ཅིག་དང་ རེམ་བོ་གྱི་ཅུང་ཅིག་ འཐུ་འབག་སོང་ཡོདཔ་མ་ཚད་ མ་དུ་ནགས་ཚལ་ནང་ལྷོདཔ་ད་ སྨྱོ་རྫས་ཀེ་ཧང་འཐུང་གེ་ཟེར་སླབ་སྟེ་ སྣུམ་འཁོར་བཀག་བཅུག་ནུག།
ཁོང་ཆ་ཁྱབ་ ཀེ་ཧང་འཐུང་སྡོདཔ་ད་ ཧང་སྟོང་མར་སྦེ་ ཚེ་འདས་ཀྱི་ མགུ་ཏོ་བཏོག་བཏང་ཡོདཔ་ཨིན་པས།
བདུན་ཕྲག་༡ ལྷགཔ་ཅིག་གི་རྒྱབ་ལས་ ནགས་ཚལ་ལས་བྱེདཔ་ཚུ་གིས་ ཕུངམ་མཐོང་སྟེ་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་ད་ ཕུངམ་དེ་ ཚེ་འདས་ཀྱི་ ཕོ་སྤུན་གནས་ཚང་གིས་ གོ་ལ་དང་ ལགཔ་གི་ཆུ་ཚོད་ལས་ ངོས་འཛིན་འབད་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ གསང་བའི་སྙན་ཞུ་ཐོབ་མི་དང་འཁྲིལ་ འབྲུག་མི་དོགས་ཅན་༢ ཐིམ་ཕུག་ལུ་འོངམ་ད་ ཕུན་ཚོགས་གླིང་གི་ས་གནས་ གའི་གུ་རི་ལས་ འཛིན་བཟུང་འབད་བའི་ཁར་ དོགས་ཅན་གཞན་དེ་ གད་ལྟག་ནང་ལས་ འཛིན་བཟུང་འབད་ནུག།
ས་མཚམས་ཕྱི་ཁ་ལས་ དོགས་ཅན་༣ གྱི་གྲས་ལས་༡ ཕུན་ཚོགས་གླིང་ཟ་ཁང་ཅིག་དང་ གཞན་ཅིག་ ས་མཚམས་ཀྱི་ཕྱི་ཁར་ འཛིན་བཟུང་འབད་བའི་ཁར་ དོགས་ཅན་གཞན་ དགེ་ལེགས་ཕུག་ལས་ འཛིན་བཟུང་འབད་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ སླབ་མིའི་ནང་ རྩོད་དོན་དེ་ ཉེས་བཤེར་གྱི་དོན་ལུ་ འཕྲལ་མགྱོགས་ར་ ཁྲིམས་ཀྱི་འདུན་སར་ བསྐྱལ་ནི་ཨིན་པའི་གནས་ཚུལ།

About admin

Check Also

ད་རུང་ འབྲུག་མི་ཕུཊ་བཱོལ་རྩེད་འགྲན་པ་ཅིག་གིས་ ཕྱི་ཁའི་སྡེ་ཚན་ནང་གྲལ་གཏོགས།

༉ སྐྱེས་ལོ་༢༣ ལང་མི་ སྐལ་བཟང་གིས་ ད་ལྟོ་ རྒྱ་གར་ལུ་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ ལྡི་ལི་རྐང་རྩེད་ལིག་འགྲན་བསྡུར་༢༠༢༡ ནང་ Garhwal Heroes Football Club ཟེར་ ཕུཊ་བཱོལ་སྡེ་ཚོགས་ …

Leave a Reply

Your email address will not be published. Required fields are marked *