ཨམ་སྲུ་ཚུ་གིས་ མཚན་ཤུབས་འཕྲུལ་ཆས་ནང་ལས་བཏོན་སྟེ་ གསལ་སྟོན་འབད་བའི་བསྒང་།

ཕོ་མོའི་མཚན་ཤུབས་ཀྱི་ འཕྲུལ་ཆས་ལུ་བརྟེན་ ནད་བཀག་ཚུགས་པའི་འོས་འབབ།

༉ ད་ལས་ཕར་ ཕུན་ཚོགས་གླིང་ལུ་ ཕོ་མོའི་མཚན་ཤུབས་ཚུ་ གོང་ཚད་ཉུང་ཤོས་ཐོག་ལས་ ཐོབ་པའི་ཁར་ ནམ་དགོ་རུང་ ཐོབ་ཚུགས་དོ་ཡོད་མི་དེ་ གསོ་བའི་ལྷན་ཁག་གིས་ ཁ་ཙ་ མཚན་ཤུབས་བཏོན་སའི་ འཕྲུལ་ཆས་ཅིག་ གཞི་བཙུགས་འབད་ནི་དེ་གིས་ཨིན་པས།
འཕྲུལ་ཆས་དེ་ ལམ་འགྲུལ་ཉེན་སྲུང་དང་ སྐྱེལ་འདྲེན་དབང་འཛིན་ཡིག་ཚང་གི་ ཉེ་འདབས་ལུ་ གཞི་བཙུགས་འབད་ཡོདཔ་ད་ མཚན་ཤུབས་དགོ་མི་ཚུ་གིས་ འཕྲུལ་ཆས་ནང་ དངུལ་ཀྲམ་༥ བཙུགས་པ་ཅིན་ མཚན་ཤུབས་༣ དེ་འཕྲོ་ལས་ཕྱི་ཁར་ ཐོན་འོང་དོ་ཡོདཔ་ཨིན་པས།
དེ་བཟུམ་མའི་ ཞབས་ཏོག་དེ་ ད་རུང་ བདུན་ཕྲག་༡ གི་ ནང་འཁོད་ལུ་ ཁྲོམ་གྱི་ས་ཁོངས་༦ དེ་ཅིག་ནང་ བཙུགས་ནི་ཨིནམ་ད་ གསོ་བའི་ལྷན་ཁག་ལས་ རྣམ་རྒྱལ་ཚེ་རིང་གིས་ ད་ལྟོ་ ལས་རིམ་དེ་ མོ་བཏབ་བཟུམ་ཅིག་ཨིན་ཟེར་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ གཞུང་གི་འཆར་གཞི་དང་འཁྲིལ་བ་ཅིན་ མཚན་ཤུགས་བཏོན་བཏུབ་པའི་ འཕྲུལ་ཆས་༥༠ དེ་ཅིག་ རྫོང་ཁག་༡༡ ནང་ གཞི་བཙུགས་འབད་ནི་ཨིན་མིའི་གྲས་ལས་ འཕྲལ་ར་ ཐིམ་ཕུག་ལུ་ འགོ་བཙུགས་ནི་ཟེར་ཨིན་པས།
ཐིམ་ཕུག་ལུ་ འཕྲུལ་ཆས་༡༠ གཞི་བཙུགས་ནི་ཨིནམ་ད་ གལ་སྲིད་ འཕྲུལ་ཆས་དེ་ལུ་བརྟེན་ལུས་འབྲེལ་ལས་སྤེལ་བའི་ནད་གཞི་ མར་ཕབ་འབད་ཚུགས་པ་ཅིན་ རྫོང་ཁག་༢༠ ག་རའི་ནང་ འགོ་བཙུགས་ནི་ཨིན་པས།
གསོ་བའི་ལས་བྱེདཔ་ཚུ་གིས་འབད་བ་ཅིན་ རྒྱལ་ཁབ་ཀྱི་ ས་གནས་ཚུ་ནང་ ཕོ་མཚན་ཤུབས་དེ་ ཉིན་ནུབ་མེད་པར་ ཐོབ་ཚུགསཔ་བཟོ་ཐོག་ལས་ ལུས་འབྲེལ་ལས་སྤེལ་བའི་ ནད་གཞི་ག་དེ་དྲག་དྲག་ བཀག་ཐབས་འབད་འོང་ཟེར་ཨིན་པས།
ལས་རིམ་དེ་ གཞུང་དང་སྒེར་སྡེ་ མཉམ་རུབ་ཀྱི་ཐོག་ལས་ འགོ་བཙུགས་ཡོདཔ་ད་ འཆར་གཞི་དང་འཁྲིལ་བ་ཅིན་ ཕོ་མཚན་ཤུབས་ཚུ་ མི་མང་འཛོམས་སའི་ས་ཁོངས་ ཟ་ཁང་དང་ སྤེལ་ཁང་ སྤྲོ་སྟོན་ཁང་ དེ་ལས་ སྣུམ་འཁོར་བཞག་སའི་ ས་ཁོངས་ནང་ གཞི་བཙུགས་འབད་ནི་ཨིན་པས།
སྒྲ་དབྱངས་ཀྱི་ཇོ་བདག་ འོད་ཟེར་གྱིས་ སླབ་མིའི་ནང་ དེ་བཟུམ་གྱི་ ཞབས་ཏོག་དེ་གིས་ ཕོ་མཚན་ཤུབས་ མ་ཐོབ་པའི་ དཀའ་ངལ་ཚུ་ལུ་ གདོང་ལེན་འབད་ཚུགས་ནི་མས་ཟེར་ཨིནམ་ད་ ཁོ་གི་ སྒྲ་དབྱངས་ནང་ ལཱ་འབད་མི་ ཨམ་སྲུ་༡༨ དང་ ཕོ་སྐྱེ་༤ ཡོདཔ་ལས་ ཞབས་ཏོག་དེ་གིས་ ལས་བྱེདཔ་ཚུ་ལུ་ཡང་ ཕན་ཐོགས་ནི་མས་ཟེར་ བཤདཔ་ཨིན་པས།
སྒེར་མི་ཚུ་གིས་ སླབ་མིའི་ནང་ ལམ་ལུགས་དེ་གིས་ ལུས་འབྲེལ་ལས་སྤེལ་བའི་ ནད་གཞི་ཚུ་བཀག་ཚུགས་པའི་ ཐབས་ལམ་ཅིག་ཨིནམ་ལས་ མི་མང་ཤོས་ཅིག་གིས་ ངོས་ལེན་ལེགས་ཤོམ་ འབད་འོང་ཟེར་ཨིན་པས།
དེ་འབདཝ་ད་ ཞབས་ཏོག་སྤྱོད་མི་ཚུ་གིས་ ཕོ་མཚན་ཤུབས་དེ་ ལེགས་ཤོམ་སྦེ་ ལག་ལེན་འཐབ་དགོ་ཟེར་ཨིནམ་ད་ ཧེ་མ་ གཞུང་གིས་ ཕོ་མཚན་ཤུབས་ཚུ་ རིན་མེད་སྟོང་པར་ སྤྱོད་བཏུབ་པའི་ ལམ་ལུགས་བཟོ་བའི་སྐབས་ མི་ཚུ་གིས་ ཚུལ་མཐུན་སྦེ་ ལག་ལེན་མ་འཐབ་ནི་དེ་གིས་ དཀའ་ངལ་ཐོན་ཡོདཔ་ཨིན་པས།
དེ་བསྒང་ ཕོ་མཚན་ཤུབས་དེ་ ཤིང་སྒྲོམ་ལས་བཏོན་བཏུབ་ བཟོ་ཡོདཔ་ཨིན་རུང་ ད་རེས་ ལྕགས་སྒྲོམ་ནང་ལས་རྐྱངམ་གཅིག་ བཏོན་ཚུགས་ནི་ཨིན་པས།
ཞབས་ཏོག་དེ་ ཕུན་ཚོགས་གླིང་ལུ་ གཞི་བཙུགས་འབད་མི་དེ་ཡང་ ས་མཚམས་ས་ཁོངས་ནང་འབདཝ་ལས་ ལུས་འབྲེལ་ལས་སྤེལ་བའི་ ནད་གཞི་འཐོབ་ནིའི་ ཉེ་ཁ་ཡོད་ནི་དེ་གིས་ཨིནམ་ད་ ད་ཚུན་ ཕུན་ཚོགས་གླིང་དེ་ ནད་གཞི་ཨེཆ་ཨའེ་བི་ཐོབ་ཡོད་པའི་ ས་ཁོངས་ཨང་༢ པ་ཨིན་པའི་གནས་ཚུལ།

སྐད་སྒྱུར་-བསྟན་འཛིན་རྣམ་རྒྱལ།

About admin

Check Also

ད་རུང་ འབྲུག་མི་ཕུཊ་བཱོལ་རྩེད་འགྲན་པ་ཅིག་གིས་ ཕྱི་ཁའི་སྡེ་ཚན་ནང་གྲལ་གཏོགས།

༉ སྐྱེས་ལོ་༢༣ ལང་མི་ སྐལ་བཟང་གིས་ ད་ལྟོ་ རྒྱ་གར་ལུ་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ ལྡི་ལི་རྐང་རྩེད་ལིག་འགྲན་བསྡུར་༢༠༢༡ ནང་ Garhwal Heroes Football Club ཟེར་ ཕུཊ་བཱོལ་སྡེ་ཚོགས་ …

Leave a Reply

Your email address will not be published. Required fields are marked *