ཕོ་ཆུའི་ཚད་གཞི་ མར་བབས་སོང་རུང་ མོ་ཆུའི་ཚད་གཞི་ ལྟ་རྟོག་ཐོག་ལུ་ཡོདཔ།

༉ སྤྱི་ཟླ་༨ པའི་ཚེས་༨ ཀྱི་ནུབ་མོ་ ཆརཔ་ཤུགས་སྦེ་ རྐྱབ་མི་ལུ་བརྟེན་ སྤུ་ན་ཁའི་ ཕོ་ཆུ་དང་ མོ་ཆུ་༢ ཆ་ར་ བྲེས་ཡོདཔ་ལས་ ཕོ་ཆུའི་ཚད་གཞི་དེ་ ལོག་མར་བབས་སོང་ཡོདཔ་ཨིན་རུང་ ཁ་ཙ་ཕྱི་རུ་ཚུན་ མོ་ཆུའི་ཚད་གཞི་དེ་ ཉེན་ཁ་ཅན་སྦེ་ར་ ཡོདཔ་ཨིན་པས།
ཐིམ་ཕུག་ལུ་ཡོད་པའི་ རྒྱལ་ཡོངས་ཆུ་དང་གནམ་གཤིས་ལྟ་རྟོག་ལྟེ་བའི་ འགོ་དཔོན་ཚུ་གིས་ ཁ་ཙ་ཕྱི་རུ་ གཙང་ཆུའི་ཚད་གཞི་ ལྟ་རྟོག་འབད་བཞིན་དུ་སྡོད་ནུག།
དེ་ཡང་ སྤྱི་ཟླ་༨ པའི་ཚེས་༩ གི་དྲོ་པ་ ལྟེ་བའི་ནང་ ཆུ་ཚོད་༡༢:༥༥ ལུ་ ཕོ་ཆུ་བདའ་སྟེ་ཡོད་པའི་ མདངས་ས་དང་ མོ་ཆུ་བདའ་སྟེ་ཡོད་མི་ སྟར་ཤིང་ཐང་གི་ ཆུ་ཚད་ལྟ་ཞིབ་ས་ཁོངས་ཚུ་ནང་ གཙང་ཆུའི་ཚད་གཞི་ ཉེན་ཁ་ཅན་ཡོདཔ་སྦེ་ མཐོང་ཡོདཔ་ཨིན་པས།
ལྟེ་བའི་བཟོ་རིག་འགོ་དཔོན་ སངས་རྒྱས་བསྟན་འཛིན་གྱིས་ སླབ་མིའི་ནང་ གཙང་ཆུ་༢ བྲེས་ཡོདཔ་ཨིན་རུང་ ཉེན་ཁའི་ བརྡ་སྐད་རྐྱབ་སའི་ ཚད་གཞི་གུ་ མ་ལྷོད་ཟེར་ཨིན་པས།
གནས་ཚད་ཅན་གྱི་ ལག་ལེན་ཐབས་བྱུས་དང་འཁྲིལ་ ལྟེ་བ་གིས་ འབྲེལ་ཡོད་ལས་སྡེ་ཚུ་ལུ་ གཙང་ཆུའི་ཚད་གཞི་ ཡར་སེང་སོང་ཡོད་པའི་སྐོར་ལས་ སྙན་ཞུ་འབད་ཡི་ཟེར་ཨིན་པས།
རྫོང་ཁག་བདག་སྐྱོང་དང་ གློག་མེ་ལས་འགུལ་ཚུ་ཡང་ འབྲེལ་ཡོད་ལས་སྡེ་ཚུ་གི་ གྲངས་སུ་ཚུདཔ་ཨིན་པས།
ལྟེ་བ་ལས་ ཉེན་བརྡ་ཐོབ་སྟེ་ དུས་ཡུན་ཆུ་ཚོད་༡ དེ་ཅིག་གི་ཤུལ་ལས་ སྤུ་ན་གཙང་ཆུ་༢ པའི་ ཀོ་ཕར་ཌེམ་དེ་ ཆུ་གིས་གང་ཡོདཔ་ད་ ལས་འགུལ་གྱི་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཉེན་བརྡ་འབད་མི་ལུ་བརྟེན་ ཁོང་གིས་ ཀོ་ཕར་ཌེམ་དེ་ནང་ལས་ འཕྲུལ་ཆས་ཚུ་ ཉེན་སྲུང་ཅན་གྱི་ ས་ཁོངས་ནང་ བཏོན་ནི་ལུ་ དུས་ཚོད་ཐོབ་ཅི་ཟེར་ཨིན་པས།
སྤུ་ན་གཙང་ཆུ་ གློག་མེ་ལས་འགུལ་གྱི་ མཉམ་འབྲེལ་འཛིན་སྐྱོང་མདོ་ཆེན་ རྡོ་རྗེ་དཔའ་བོ་གིས་ ཉེན་བརྡ་དེ་ལུ་བརྟེན་ འཕྲུལ་ཆས་ཚུ་ ཉེན་སྲུང་ཅན་གྱི་ས་ཁོངས་ནང་ བཏོན་ཚུགས་ཅི་ཟེར་ཨིན་པས།
ལས་འགུལ་གྱི་ཁྲི་འཛིན་དང་ བསྟན་རྒྱས་བློན་པོ་ ལས་སྐྱིད་རྡོ་རྗེ་གིས་ ཁ་ཙ་ གཞལམ་སྒང་ལས་ ལོག་པའི་ལམ་ཁར་ ས་ཁོངས་དེ་ནང་ ལྟ་སྐོར་འབད་ཡོདཔ་ད་ གནས་སྟངས་དེ་ལུ་ ཚ་གྱང་ལང་དགོཔ་ མིན་འདུག་ཟེར་ཨིན་པས།
ལྟེ་བ་གིས་ སྤྱི་ཟླ་༨ པའི་ཚེས་༧ ལུ་ དུས་ཡུན་ཆུ་ཚོད་༧༢ ཀྱི་རིང་ ཆརཔ་དུམ་གྲ་རེ་ རྐྱབ་ནི་ཨིནམ་མི་ལུ་བརྟེན་ རྒྱལ་ཁབ་ཀྱི་ ལྷོ་ཕྱོགས་དང་ ལྷོ་ཤར་ལུ་སྡོད་མི་ཚུ་ དྲནམ་བཏོན་ཏེ་སྡོད་དགོ་པའི་ མི་མང་གསལ་བསྒྲགས་འབད་ཡོདཔ་ ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *