འབྲུག་ལུ་ ཆུ་བྱ་ཕོཝ་དཀརཔོ་༢༢ ལས་བརྒལ་མེད་མི་དེ་ འདས་པའི་ལོ་༥ ནང་ གྱངས་ཁ་ཉུང་ཤོས་ཅིག་ཨིན་པས།

ཕོ་ཆུ་དང་ མོ་ཆུའི་ལུང་གཤོང་ནང་ ཆུ་བྱ་ཕོཝ་དཀརཔོ་ཚུ་ མཐོང་གསལ་མེདཔ།

༉ འཕྲལ་ཁམས་ཅིག་ཁར་ ལོ་བསྟར་གྲངས་རྩིས་རྐྱབ་པའི་སྐབས་ འབྲུག་ལུ་ ཆུ་བྱ་ཕོཝ་དཀརཔོ་༢༢ ལས་བརྒལ་མེད་མི་དེ་ འདས་པའི་ལོ་༥ ནང་ གྱངས་ཁ་ཉུང་ཤོས་ཅིག་ཨིན་པའི་ མངོན་གསལ་བྱུང་ནུག།

ཉིན་གྲངས་༥ འི་རིང་ གྲངས་རྩིས་རྐྱབ་པའི་སྐབས་ ཆུ་བྱ་ཕོཝ་དཀརཔོ་རྒན་ཤོས་༡༩ དང་ གཞོནམ་མཚམས་འབད་མི་༣ ཐོ་བཀོད་འབད་ཡོདཔ་ད་ སྤྱི་ལོ་༢༠༢༠ དང་ཕྱདཔ་ད་ བྱ་༥ གི་རྩིས་ མར་བབས་སོང་ཡོདཔ་ད་ ཆུ་བྱ་བརྒྱ་ཆ་༦༤ དེ་ཅིག་ སྤུ་ན་གཙང་ཆུའི་ས་ཁོངས་ཚུ་ནང་དང་ བརྒྱ་ཆ་༤༦ དེ་ མང་སྡེ་ཆུ་ལུང་གཤོང་ནང་ཡོདཔ་སྦེ་ གྲངས་རྩིས་ནང་བཀོད་ནུག།

ཆུ་བྱ་ཕོཝ་དཀརཔོ་འཁྱམས་སའི་ ས་ཁོངས་༡༠ ཡོད་མི་ལས་ སྤུ་ན་གཙང་ཆུ་ལུང་གཤོང་གི་ ས་ཁོངས་༦ དང་ མང་སྡེ་ཆུ་ལུང་གཤོང་གི་ ས་ཁོངས་༤ ཡོདཔ་ད་ ལྕམ་མཁར་ཆུ་ལུང་གཤོང་ནང་ མཐོང་གསལ་བྱུང་མི་དེ་ འགོ་དང་པ་ཨིན་པས།

བརྟག་ཞིབ་སྙན་ཞུ་དང་འཁྲིལཝ་ད་ བྱ་མར་བབས་སོང་མིའི་ ས་ཁོངས་ཚུ་ཡང་ སྤུ་ན་གཙང་ཆུ་ལུང་གཤོང་གི་ ཕོ་ཆུ་དང་ མོ་ཆུ་ ཨ་དག་ ཧ་ར་ཆུ་ཚུ་ཨིནམ་ད་ ས་ཁོངས་དེ་ཚུ་ རྒྱལ་ཁབ་ནང་ ཆུ་བྱ་དཀརཔོ་ཚུ་ རྒྱ་ཆེཝ་སྦེ་འཁྱམས་སའི་ ས་གོ་རྙིང་ཤོས་ཅིག་ཨིན་ཟེར་ཨིན་པས།

ཕོ་ཆུ་དང་ མོ་ཆུའི་ས་ཁོངས་ཚུ་ནང་ མི་ལོ་༡༩ འི་ཤུལ་ལས་ ཆུ་བྱ་ཕོཝ་དཀརཔོ་ཕུད་རྡོག་གཅིག་ཡང་ མཐོང་གསལ་མེད་མི་དེ་ འགོ་དང་པ་ཨིན་ཟེར་ རྒྱལ་འཛིན་རང་བཞིན་སྲུང་སྐྱོབ་ཚོགས་སྡེའི་ ཉམས་སྲུང་སྡེ་ཚན་གྱི་གཙོ་འཛིན་ ཨིན་ཌ་ར་པར་སཱཌ༌ ཨ་ཅར་ཇ་གིས་ བཤདཔ་ཨིན་པས།

སྤྱི་ལོ་༢༠༠༧ དང་༢༠༠༨ ལུ་ ཕོ་ཆུ་དང་ མོ་ཆུའི་ས་ཁོངས་ཚུ་ནང་ བྱ་རིགས་༨ དེ་ཅིག་ཡོདཔ་ཨིན་རུང་ ཀུར་རི་གོང་རི་དང་ མང་སྡེ་ཆུ་ལུང་གཤོང་ནང་ མཐོང་གསལ་མེད་ཟེར་ཨིན་པས།

རྒྱལ་འཛིན་རང་བཞིན་སྲུང་སྐྱོབ་ཚོགས་སྡེ་དང་ ནགས་ཚལ་ལས་ཁུངས་ དེ་ལས་ ས་གནས་ཉམས་སྲུང་རྒྱབ་སྐྱོར་སྡེ་ཚན་ལས་ བརྟག་ཞིབ་པ་༨༢ ཀྱིས་ ཀི་ལོ་མི་ཊར་༨༠༠ ལྷགཔ་ཅིག་ཡོད་པའི་ ས་ཁོངས་༥༣ ནང་ བརྟག་ཞིབ་འབད་ཡོདཔ་ད་ དེ་བསྒང་ སྤུ་ན་གཙང་ཆུ་དང་ མང་སྡེ་ཆུ་ ལྕམ་མཁར་ཆུ་ གྲང་མེད་ཆུ་ ཀུར་རི་ཆུ་ མཁོ་ལོང་ཆུ་ དེ་ལས་ གལ་གནད་ཆེ་བའི་ གཙང་ཆུའི་ཡན་ལག་ས་ཁོངས་ཚུ་ནང་ཡང་ བརྟག་ཞིབ་འབད་ནུག། 

བརྟག་ཞིབ་འབད་བའི་སྐབས་ བྱ་ཚང་༣ མཐོང་ཡོདཔ་ད་ བྱ་ཚང་༢ ནང་ སྒོང་རྡོག་༣ རེ་དང་ ཆུ་བྱ་ཕོཝ་དཀརཔོ་༢ ཀྱིས་ ཚང་བཟོ་བའི་བསྒང་ཡོད་མི་དེ་ མཐོང་གསལ་བྱུང་ཡོདཔ་ཨིན་པས།

ཆུ་བྱ་ཕོཝ་དཀརཔོ་ མར་འབབ་འགྱོ་མི་དེ་ གཞི་རྟེན་ཁང་ཚུ་གོང་འཕེལ་དང་ སོ་ནམ་ས་ཞིང་རྒྱ་སྐྱེད་ གློག་མེ་ལས་འགུལ་ བཟོ་གྲྭ་འཕྲུལ་ཁང་ དེ་ལས་ གནམ་གཤིས་འགྱུར་བགྲོད་ལུ་བརྟེན་ བྱ་འཁྱམས་སའི་ ས་ཁོངས་ཚུ་ མེདཔ་བཏང་མི་ལུ་བརྟེན་ཨིན་ཟེར་ ཨིན་ཌ་ར་པར་སཱཌ༌ ཨ་ཅར་ཇ་གིས་ བཤདཔ་ཨིན་པས།

གངས་རི་དང་ སྐྱེ་ལྡན་གནས་སྟངས་ལེགས་ཤོམ་ཡོད་མི་ཚུ་ནང་ ཆུ་བྱ་མང་ཤོས་ཅིག་ མཐོང་ཚུགསཔ་ཨིན་པས།

འབྲུག་ལུ་ ཆུ་བྱ་ཕོཝ་དཀརཔོ་ཚུ་ ཉེན་སྲུང་དང་ལྡནམ་སྦེ་ བཞག་ཐབས་ལུ་ ནགས་ཚལ་དང་ རང་བཞིན་གནས་སྟངས་ཉམས་སྲུང་བཅའ་ཁྲིམས་༡༩༩༥ ཅན་མ་དང་འཁྲིལ་ བདག་འཛིན་འཐབ་དོ་ཡོདཔ་ད་ སྤྱི་ལོ་༡༩༨༨ ལས་༡༩༩༤ ཚུན་ ཉེན་ཁ་ཅན་གྱི་ གནས་ཚད་ནང་ལྷོད་མི་ ཆུ་བྱ་ཕོཝ་དཀརཔོ་དེ་ སྤྱི་ལོ་༢༠༠༧ ལུ་ ཉེན་འཚུབས་ཆེ་བའི་ གནས་ཚད་ནང་ལྷོད་ནུག་ཟེར་ཨིན་པས།

ཆུ་བྱ་ཕོཝ་དཀརཔོ་གི་ གྲངས་རྩིས་དང་པ་དེ་ སྤྱི་ལོ་༢༠༠༣ ལུ་ འབད་བའི་ཤུལ་ལས་ ལོ་བསྟར་ལས་རིམ་སྦེ་ ལག་ལེན་འཐབ་ཡོདཔ་ད་ སྤྱི་ལོ་༢༠༡༦ ལུ་ ཆུ་བྱ་ཕོཝ་དཀརཔོ་༢༨ ཐོ་བཀོད་འབད་མི་དེ་ འདས་པའི་ལོ་༥ འི་ནང་ གྱངས་ཁ་མཐོ་ཤོས་ཅིག་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *