ལྷ་ཁང་སྦེ་ ལག་ལེན་འཐབ་མི་ གསོ་བའི་ཡན་ལག་སྨན་ཁང་།

ཕུམ་ཟུར་གཡུས་ཚན་ནང་ ལྷ་ཁང་མེད་པའི་ དཀའ་ངལ་བྱུང་སྟེ་ཡོདཔ།

༉ ཀྲོང་གསར་ གླང་མཐིལ་རྒེད་འོག་ ཕུམ་ཟུར་གཡུས་ཚན་ནང་ ལྷ་ཁང་ཅིག་མེད་མི་ལུ་བརྟེན་ གཡུས་མི་ཚུ་ ཤི་གསོན་གྱི་ རིམ་གྲོ་འབད་ནི་དང་ དགེ་རྩ་བསྒྲུབ་ནི་ལུ་ དཀའ་ངལ་སྦོམ་བྱུང་ཏེ་འདུག།

གཡུས་ཚན་དེ་ནང་ ཆོས་ཕྱོགས་ཀྱི་ལས་རིམ་ག་ཅི་ར་ འགོ་འདྲེན་འཐབ་དགོ་རུང་ ད་ལྟོ་ཡོད་པའི་ གསོ་བའི་ཡན་ལག་སྨན་ཁང་དེ་ནང་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།

ཕུམ་ཟུར་ལས་ རྡོ་གླང་གིས་ སླབ་མིའི་ནང་ གཡུས་ཁ་ལུ་ ཆོས་ཕྱོགས་ཀྱི་ལས་རིམ་ ག་ཅི་འགོ་འདྲེན་འཐབ་དགོ་རུང་ ལྷ་ཁང་ནང་འབད་དགོཔ་ད་ ལྷ་ཁང་ལེགས་ཤོམ་མེདཔ་ལས་ ཕྱི་ཁ་ལུ་ གུར་སྤུབས་ཏེ་ བཅའ་སྒྲིག་རྐྱབ་ཞིནམ་ལས་ འབད་དགོ་པས་ཟེར་ཨིན་པས།

གཤིན་པོའི་དོན་ལུ་ དགེ་རྩ་རེ་ འགོ་འདྲེན་འཐབ་པའི་སྐབས་ བཅའ་སྒྲིག་ཕྱི་ཁར་རྐྱབ་དགོཔ་ད་ ལྷ་ཁང་ཡོད་པ་ཅིན་ ནང་ན་སྟབས་བདེ་ནི་མས་ཟེར་ཨིན་པས།

ད་ལྟོ་ཡོད་པའི་ ལྷ་ཁང་ནང་ ཆོསཔ་དག་པ་ཅིག་ལས་བརྒལ་ མི་ཤོང་དོ་ཡོདཔ་ལས་ གཞན་མི་ཚུ་ ཕྱི་ཁར་སྡོད་དགོཔ་འཐོན་དོ་ཡོདཔ་ལས་ ལྷ་ཁང་ཅིག་ ངེས་པར་དུ་ དགོཔ་ཡོད་ཟེར་ཨིན་པས།

ཧེ་མ་ཡོད་པའི་ གསོ་བའི་ཡན་ལག་སྨན་ཁང་དེ་ ལྷ་ཁང་སྦེ་ ལག་ལེན་འཐབ་ནི་དེ་གིས་ ཤུལ་ལས་ རྒེད་འོག་གི་ ཡན་ལག་སྨན་ཁང་ སོ་སོ་ཅིག་ བཟོ་སྐྲུན་འབད་ནུག།

ཚོགས་པ་ལྷ་རྗེ་གིས་ སླབ་མིའི་ནང་ ལྷ་ཁང་དགོ་པའི་སྐོར་ལས་ རྒེད་འོག་ལྟེ་བ་ལུ་ ཞུ་བ་ཐེངས་མང་རབས་ཅིག་འབད་ཡི་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ གཡུས་ཚན་དེ་ནང་ ལྷ་ཁང་མེད་པའི་ དཀའ་ངལ་སྦོམ་ཡོད་ཟེར་ཨིནམ་ད་ དེ་ཡང་ ཤི་གསོན་གྱི་དགེ་རྩ་ཚུ་ ག་ཅི་བསྒྲུབ་རུང་ ས་གོ་ལེགས་ཤོམ་མེད་པའི་ གདོང་ལེན་བྱུང་སྟེ་ཡོད་ཟེར་ཨིན་པས།

ད་རུང་ ས་གནས་དེ་ ཨྱོན་གུ་རུ་རིན་པོ་ཆེ་གིས་ བྱིན་གྱིས་བརླབས་གནང་པའི་ གནས་རྩ་ཅན་ཚུ་ཡོདཔ་ལས་ ས་གནས་ནང་ བླམ་མཁན་པོ་ཚུ་བྱོན་པའི་སྐབས་ ཆོས་ཕྱོགས་ལས་རིམ་ཚུ་ འགོ་འདྲེན་འཐབ་ད་ ལྷ་ཁང་མེད་ནི་དེ་གིས་ སྦ་སྒོར་ནང་སྦེ་ འགོ་འདྲེན་འཐབ་དགོཔ་ཐོནམ་མས་ཟེར་ཨིན་པས།

གཡུས་མི་ བ་མགོ་གིས་ སླབ་མིའི་ནང་ ལྷ་ཁང་ལེགས་ཤོམ་མེདཔ་ལས་ མི་སེར་ཚུ་ ཆོས་ཕྱོགས་ཀྱི་ལས་རིམ་ འགོ་འདྲེན་འཐབ་པའི་སྐབས་ བླམ་ཆོསཔ་ཚུ་ ད་ལྟོ་ཡོད་པའི་ གནས་སྐབས་ཀྱི་ ལྷ་ཁང་ནང་མ་ཤོང་ནི་དེ་གིས་ ཕྱི་ཁ་ལུ་ སྡོད་གནས་བཟོ་དགོ་པའི་ དཀའ་ངལ་ཡོད་ཟེར་ཨིན་པས།

གླང་མཐིལ་རྒཔོ་ བསོད་ནམས་དོན་གྲུབ་ཀྱིས་ སླབ་མིའི་ནང་ སྤྱི་ལོ་༢༠༢༠ ལུ་ ཕུམ་ཟུར་ལུ་ ལྷ་ཁང་བཞེངས་ནིའི་ འཆར་གཞི་ཡོད་རུང་ ནད་ཡམས་ལུ་བརྟེན་ ཆ་མེད་གཏང་དགོཔ་ཐོན་ཡི་ཟེར་ཨིནམ་ད་ གཞན་དལ་གཞི་ འཆར་ལོ་༢༠༢༡ དང་༢༠༢༢ ནང་ ལྷ་ཁང་བཞེངས་ནི་སྦེ་ དངུལ་ཀྲམ་ས་ཡ་༡.༥ ཚུད་དེ་ཡོད་ཟེར་ཨིན་པས།

ཕུམ་ཟུར་ལུ་ ལྷ་ཁང་བཟོ་སྐྲུན་འབད་ནིའི་དོན་ལུ་ སྒེར་མི་ཅིག་གིས་ ས་ཆ་ཨེ་ཀར་མ་ལངམ་ཅིག་ ཞལ་འདེབས་ཕུལ་ཡོད་པའི་ཁར་ ལྷ་ཁང་གི་གསེར་ཏོག་དང་ ནང་ནའི་ལྡེབས་རིས་ཚུ་ཡང་ ཕུལ་ཡོད་པའི་གནས་ཚུལ།

ཉིམ་རྡོ་རྗེ་ ཀྲོང་གསར།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *