ཀྲོང་གསར་ ཕུམ་ཟུར་གཡུས་ཚན་ནང་ སོ་ནམ་པ་ཚུ་གིས་ ཆུ་ཞིང་ནང་ ལྕང་ལཱ་རྐྱབ་པའི་བསྒང་།

ཕུམ་ཟུར་གཡུས་ཚན་ནང་ དུས་ཅི་ ལྕང་ལཱ་ཧ་སུ་སྦེ་ རྐྱབ་ཚུགས་ཡོདཔ།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ ཕུམ་ཟུར་གཡུས་ཚན་གྱི་ སོ་ནམ་པ་ཚུ་གིས་ ཨ་རྟག་དང་ཕྱདཔ་ད་ དུས་ཅི་ ལྕང་ལཱ་ཧ་སུ་སྦེ་ རྐྱབ་ཚུགས་ནི་དེ་གིས་ སེམས་དགའ་སྟེ་འདུག།

དེ་ཡང་ རྒེད་འོག་བདག་སྐྱོང་གིས་ ཟད་འགྲོ་དངུལ་ཀྲམ་༧༠༠,༠༠༠ བཏང་ཐོག་ལས་ ཆུ་དུང་མཁོ་སྒྲུབ་འབད་དེ་ ཞིང་ཆུ་བཏོན་ནི་དེ་གིས་ཨིན་པས།

སོ་ནམ་པ་ཚུ་གིས་ སླབ་མིའི་ནང་ ཨ་རྟག་འབད་བ་ཅིན་ ཞིང་ཆུ་མ་ལང་པའི་ དཀའ་ངལ་ཡོད་པའི་ཁར་ ཆར་ཆུ་ལུ་བརྟེན་དགོཔ་ལས་ ལྕང་ལཱ་རྐྱབ་ནི་དེ་ འབྲུག་ཟླ་༦ པ་དེ་ཅིག་ལས་མ་གཏོགས་ འགོ་བཙུགས་མི་ཚུགས་ཟེར་ཨིན་པས།

གཡུས་མི་ཆོས་སྒྲོན་གྱིས་ སླབ་མིའི་ནང་ ཕུམ་ཟུར་གཡུས་ཚན་དེ་ མཐའ་ཟུར་ཅིག་ཨིནམ་ལས་ ཆུམ་མ་ཚད་ བཟའ་འཐུང་གི་རིགས་ཚུ་ མང་ཤོས་ར་ ཉོ་བཟའ་དགོཔ་ལས་ དཀའ་ངལ་སྦོམ་ཡོད་ཟེར་ཨིནམ་ད་ དུས་ཅི་ ཧ་སུ་སྦེ་ ལྕང་ལཱ་རྐྱབ་ཚུགས་ནི་དེ་གིས་ ཐོན་ཤུགས་ལེགས་ཤོམ་འོང་བའི་ རེ་བ་ཡོད་ཟེར་ཨིན་པས།

ཧེ་མ་འབད་བ་ཅིན་ ཆུའི་དཀའ་ངལ་ལུ་བརྟེན་ ལྕང་ལཱ་ཕྱིས་པའི་ཁར་ དུས་ཚོད་འགོར་དོ་ཡོདཔ་ཨིན་རུང་ དུས་ཅི་ མགྱོགས་པར་མཇུག་བསྡུ་སྟེ་ ལཱ་གཞན་ཚུ་ཡང་ འབད་ཚུགས་ནི་མས་ཟེར་ཨིན་པས།

དེ་བཟུམ་སྦེ་ རྣམ་རྒྱལ་དབང་མོ་གིས་ སླབ་མིའི་ནང་ གཡུས་ཁ་ལུ་ སོ་ནམ་གྱི་ལཱ་འབད་ནིའི་དོན་ལུ་ དེ་བཟུམ་གྱི་ རྒྱབ་སྐྱོར་འབད་དགོཔ་དེ་ ཁག་ཆེ་བས་ཟེར་ཨིནམ་ད་ དེ་ཡང་ མི་ཚུ་གི་དཀའ་སྡུག་མར་ཕབ་རྐྱབ་དོ་ཡོདཔ་ལས་ ལཱ་འབད་ནི་ལུ་ སེམས་ཤུགས་བསྐྱེད་ཚུགས་པས་ཟེར་ཨིན་པས།

མོ་གིས་ སླབ་མིའི་ནང་ རེ་ཚེ་སྐབས་ ཕུམ་ཟུར་གཡུས་ཚན་དེ་ སྣང་མེད་སྦེ་ བཞག་དོ་བཟུམ་མའི་ ཚོར་སྣང་བྱུངམ་མས་ཟེར་ཨིནམ་ད་ དེ་ཡང་ ས་གནས་གཞན་ཁར་བཟུམ་སྦེ་ གོང་འཕེལ་མ་འགྱོ་ནི་དེ་གི་ཨིན་ཟེར་ ཨིན་པས།

ཞིང་ལམ་མེད་མི་ལུ་བརྟེན་ ན་གཞོན་ཚུ་གིས་ གཡུས་ཁའི་ཐོན་སྐྱེད་ཚུ་ བཙོང་མ་ཚུགསཔ་ལས་ མང་ཤོས་ར་ ལཱ་འབད་ནི་ལུ་ སྤྲོ་བ་མི་བསྐྱེད་དོ་ཡོདཔ་ད་ མ་འོངས་པའི་ནང་ གཡུས་ཁར་སྡོད་མི་ཡང་ མི་འོང་ནི་མས་ཟེར་ཨིན་པས།

སོ་ནམ་གྱི་ལཱ་འབད་ནི་ལུ་ རྒྱབ་སྐྱོར་འབད་བ་ཅིན་ ན་གཞོན་ཚུ་ཡང་ སྤྲོ་བ་བསྐྱེད་ཚུགས་ནི་མས་ཟེར་ སྐལ་བཟང་གི་ བཤདཔ་ཨིན་པས།

ཕུམ་ཟུར་ལུ་ ད་རེས་ནངས་པར་ ལྕང་ལཱ་རྐྱབ་པའི་བསྒང་ཡོདཔ་ད་ ལཱ་གི་ཐད་ཁར་ སྐོར་རྒྱབ་སྦེ་ ཁྱིམ་གུང་ག་ར་ལས་ མི་༢ རེ་ཐོན་ཏེ་ ལཱ་འབད་དོ་ཡོདཔ་ཨིན་པས།

སོ་ནམ་ཞིང་ལམ་ བསལ་ཚར་བའི་ཤུལ་ལས་ མི་ཚུ་གིས་ སོ་ནམ་ལཱ་དེ་ འཕྲུལ་རིག་ཐོག་ལས་ འབད་ཚུགས་ནི་ཨིནམ་ལས་ ཁེ་ཕན་སྦོམ་འབྱུང་ནི་ཨིན་པས།

བྱང་སྦིས་ཚོགས་པ་ ལྷ་རྗེ་གིས་ སླབ་མིའི་ནང་ རྒེད་འོག་གི་ཁ་ཐུག་ལས་ ཆུ་དུང་གི་ རྒྱབ་སྐྱོར་གནང་མི་ལུ་བརྟེན་ ལྕང་ལཱ་ཧ་སུ་སྦེ་ རྐྱབ་ཚུགས་ནི་དེ་གིས་ མོན་པའི་མི་ཚུ་ལུ་ ཕན་ཐོགས་སྦོམ་སྦེ་ར་ འབྱུང་ནི་དང་ ད་ལས་ཕར་ ལྕང་ལཱ་རྐྱབ་ད་ དཀའ་ངལ་མི་འཐོན་ནི་མས་ཟེར་ ཨིན་པས།

བྱང་སྦིས་ལུ་ཡང་ ཁ་སྟོད་དང་ ཁ་སྨད་༢ ཡོདཔ་བཞིན་དུ་ ཧེ་མ་འབད་བ་ཅིན་ ཞིང་ཆུ་རྐ་༡ ཨིནམ་ལས གཡུས་ཚན་༡ ནང་ ལཱ་མཇུག་བསྡུ་ཞིནམ་ལས་རྐྱངམ་གཅིག་ གཞན་མིའི་ནང་ ལྕང་ལཱ་རྐྱབ་དོ་ཡོདཔ་ཨིན་རུང་ ད་རེས་ རྒེད་འོག་གིས་ ཆུ་རྐ་གསརཔ་བཏོན་ཡོདཔ་ལས་ ཁ་སྨད་ལུ་ཡང་ ཟླཝ་༥ པའི་ནང་ ལྕང་ལཱ་རྐྱབ་ཚུགས་པའི་ ཕན་ཁྱད་བྱུང་སྟེ་ཡོད་ཟེར་ ཨིན་པའི་གནས་ཚུལ།

ཉིམ་རྡོ་རྗེ་ ཀྲོང་གསར།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *