ཕུམ་ཟུར་གཡུས་ཚན་གྱི་ མི་ཚུ་གིས་ དང་ཕུ་བཟུམ་སྦེ་ར་ ཐབ་གུ་ལྟོ་འབད་བའི་བསྒང་།

ཕུམ་ཟུར་གཡུས་ཚན་ནང་ ད་ལྟོའི་བར་ན་ཡང་ གློག་མེ་མེད་པའི་དཀའ་ངལ།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ ཕུམ་ཟུར་གཡུས་ཚན་ནང་ ད་ལྟོའི་བར་ན་ཡང་ གློག་མེ་མེདཔ་ལས་ མི་སེར་ཚུ་ དང་ཕུ་བཟུམ་སྦེ་ མེ་ཕྱི་དང་ ཉི་དྲོད་གློག་ཤུགས་ཚུ་ ལེན་འཐབ་དོ་ཡོདཔ་ཨིན་པས།

མི་སེར་ཚུ་གིས་ བཤད་མིའི་ནང་ གཡུས་ཚན་གྱི་གདོང་སྐོར་དང་ ཉེ་འདབས་ཀྱི་ གཡུས་ཚན་ཚུ་ནང་ གློག་མེ་ཡོདཔ་ལས་ ཕྱི་རུ་ལྟཝ་ད་ ཉམས་དགའ་ཏོག་ཏོ་སྦེ་ མཐོངམ་མ་ཚད་ དེང་སང་གི་ ཅ་ཆས་ཚུ་ ལག་ལེན་འཐབ་སར་མཐོངམ་ད་ སེམས་ཤོརཝ་མས་ཟེར་ཨིན་པས།

ཕུམ་ཟུར་གཡུས་ཚན་ནང་ ཉི་དྲོད་གློག་མེའི་ རྒྱབ་སྐྱོར་འབད་ཡོད་རུང་ མང་ཤོས་ར་ ལཱ་འབད་མ་བཏུབ་ཐལ་ཡོདཔ་མ་ཚད་ ལོ་ཐོག་བསྲུང་ནིའི་དོན་ལུ་ ཉི་དྲོད་གློག་ཐག་རཝ་ཡང་ ལེགས་ཤོམ་སྦེ་ ལཱ་འབད་མ་བཏུབ་པར་འདུག།

ཆོས་སྒྲོན་གྱིས་ སླབ་མིའི་ནང་ གཡུས་ཁ་ལུ་གློག་མེ་མེདཔ་ལས་ ཐ་ན་ བཞེས་སྒོ་འབད་ནི་ཡང་ དང་ཕུ་བཟུམ་སྦེ་ ཐབ་གུ་འབད་དགོ་པའི་ཁར་ ཁྱིམ་ནང་མེ་བཏེག་ནིའི་དོན་ལུ་ ནགས་ཚལ་ནང་ལས་ མེ་ཕྱི་འབག་འོང་སྟེ་ ལག་ལེན་འཐབ་ནི་དེ་གིས་ ཁྱིམ་ནང་གཙང་སྦྲ་ཡང་ བཞག་མི་ཚུགས་པས་ཟེར་ཨིན་པས།

མོ་གིས་ སླབ་མིའི་ནང་ ད་རེས་ནངས་པར་ ཐབ་ཤིང་ཚུ་ཡང་ སྦོ་ལོགས་ཁ་ལས་ མི་ཐོབ་དོ་ཡོདཔ་ལས་ མི་ཚུ་ ལཱ་ཁག་བཏངམ་མས་ཟེར་ཨིན་པས།

རྣམ་རྒྱལ་དབང་མོ་གིས་ སླབ་མིའི་ནང་ ཉི་དྲོད་གློག་མེ་དེ་ ཉིམ་ཤར་བའི་སྐབས་ ལེགས་ཤོམ་སྦེ་ ལཱ་འབད་དོ་ཡོད་རུང་ གནམ་སྤུབས་ཏེ་སྡོདཔ་ད་ ལཱ་ལེགས་ཤོམ་སྦེ་ འབད་མི་བཏུབ་པས་ཟེར་ཨིནམ་ད་ མི་ཚུ་གིས་ འགྲུལ་འཕྲིན་གྱི་ འཕྲུལ་ལྟོ་བསྐྱར་གསོ་འབད་ནིའི་དོན་ལུ་ དུས་ཡུན་ཆུ་ཚོད་ལས་བཅད་དེ་ བྱང་སྦིས་ལུ་འགྱོ་དགོ་པས་ཟེར་ཨིན་པས།

མོ་གིས་ སླབ་མིའི་ནང་ གློག་མེའི་ཞབས་ཏོག་འཐོབ་པ་ཅིན་ མི་ཚུ་གི་ འཚོ་བའི་གནས་སྟངས་ ཡར་དྲག་གཏང་ཚུགས་པའི་ཁར་ ད་ལྟོ་བཟུམ་སྦེ་ ལཱ་ཁག་རྐྱབ་མ་དགོ་པར་ གཞན་ཁར་བཟུམ་སྦེ་ ལཱ་མང་ཤོས་ཅིག་ གློག་མེ་ལག་ལེན་འཐབ་སྟེ་ འབད་ཚུགས་ནི་མས་ཟེར་ཨིན་པས།

དེ་བཟུམ་སྦེ་ བསོད་ནམས་ཚེ་རིང་གིས་ སླབ་མིའི་ནང་ གློག་མེ་ལྷོད་པ་ཅིན་ གློག་ཐང་རཝ་ལག་ལེན་འཐབ་སྟེ་ ལོ་ཐོག་ཚུ་ སེམས་ཅན་ཚུ་ལས་ བསྲུང་མ་དགོ་པར་ ལཱ་འཇམ་ནི་མས་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ གློག་མེ་ཡོད་པ་ཅིན་ དེང་སང་གི་ ཅ་ཆས་ཚུ་ ལག་ལེན་འཐབ་ཚུགས་ནི་ཨིནམ་ལས་ ན་གཞོན་ཚུ་གིས་ཡང་ གཡུས་ཁར་སྡོད་བཏུབ་ནི་ཨིནམ་ལས་ གློག་མེ་དགོཔ་ངེས་བདེན་ཡོད་ཟེར་ཨིན་པས།

བྱང་སྦིས་ཚོགས་པ་ ལྷ་རྗེ་གིས་ སླབ་མིའི་ནང་ ཕུམ་ཟུར་ལུ་ ཉི་དྲོད་གློག་མེ་གནང་ཡོད་རུང་ མང་ཤོས་ར་ མེདཔ་ཐལ་ཡོདཔ་ལས་ མི་ཚུ་ལུ་ དཀའ་ངལ་སྦོམ་བྱུང་ཏེ་ཡོད་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ས་གནས་གཞན་ག་ཏེ་ལུ་ཡང་ གློག་མེ་ལྷོད་ཡོད་རུང་ ཕུམ་ཟུར་དང་ སྐུར་བྲག་ལུ་ ད་ཚུན་ གློག་མེ་མ་ལྷོད་པར་ཡོདཔ་ད་ གལ་སྲིད་ གློག་མེ་ལྷོད་པ་ཅིན་ མི་ཚུ་གིས་ སོ་ནམ་གྱི་ལཱ་འབད་ནི་དང་ ཁྱིམ་ནང་འབད་རུང་ གཙང་སྦྲ་བཏོན་ཚུགས་ནི་མས་ཟེར་ཨིན་པས།

ཕུམ་ཟུར་ལུ་ གློག་མེ་བཀྲམ་སྤེལ་འབད་ནིའི་དོན་ལུ་ སྤྱི་ལོ་༢༠༡༦ ལུ་ བརྟག་ཞིབ་འབད་ཡོད་རུང་ ད་ལྟོ་ཚུན་ གློག་མེ་ མ་ཐོབ་པར་ལུས་ཏེ་འདུག།

གླང་མཐིལ་རྒཔོ་ བསོད་ནམས་དོན་གྲུབ་ཀྱིས་ སླབ་མིའི་ནང་ གླང་མཐིལ་རྒེད་འོག་ནང་ ངང་དག་དང་ རི་བོ་ཏ་ལ་ ཕུམ་ཟུར་ སྐུར་བྲག་གཡུས་ཚན་༤ ནང་ གློག་མེ་མ་ལྷོད་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ གློག་མེ་དགོ་པའི་སྐོར་ལས་ རྫོང་ཁག་ཚོགས་འདུ་ནང་ གྲོས་གཞི་བཙུགས་ཡི་ཟེར་ཨིནམ་ད་ གློག་མེ་ལས་འཛིན་གྱིས་ སྤྱི་ལོ་༢༠༢༡ ལུ་ ས་གནས་ག་རའི་ནང་ གློག་མེ་བཙུགས་ནི་ཟེར་ སླབ་ཡོདཔ་མ་ཚད་ འབྲུག་གློག་མེ་ལས་འཛིན་ཡིག་ཚང་ལུ་ དྲན་གསོ་ཕུལ་བཞིན་དུ་ཡོདཔ་ལས་ དུས་ཅི་ གཡུས་ཚན་ག་རའི་ནང་ གློག་མེ་ལྷོད་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།

ཀྲོང་གསར་འབྲུག་གློག་མེ་ལས་འཛིན་གྱི་ འཛིན་སྐྱོང་འགོ་དཔོན་ ཨྱོན་འཕྲིས་ཀྱིས་ སླབ་མིའི་ནག་ ཕུམ་ཟུར་དང་ སྐུར་བྲག་ལུ་ གློག་མེ་བཀྲམ་སྤེལ་འབད་ནི་དེ་ འཆར་གཞི་ལྟར་དུ་ དུས་ཅི་ སྤྱི་ཟླ་༩ པའི་ནང་ཨིན་རུང་ ནད་ཡམས་ལུ་བརྟེན་ ཅ་ཆས་ཚུ་ མཁོ་སྒྲུབ་འབད་མ་ཚར་བར་ཡོདཔ་ལས་ གཡུས་ཚན་དེ་༢ ནང་ གློག་མེ་བཙུགས་ནིའི་ལཱ་དེ་ སྤྱི་ལོ་༢༠༢༢ འགོ་བཙུགས་ཁམས་ལུ་ འགོ་བཙུགས་ཚུགས་ནི་མས་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནག་ མཁོ་སྒྲུབ་འབད་དགོ་པའི་ ཅ་ཆས་ཚུ་ག་ར་ རྒྱལ་སྤྱི་ལས་ཉོ་དགོ་ནི་དེ་གིས་ ནད་ཡམས་ཀྱིས་ མཁོ་སྒྲུབ་འབད་ནིའི་ནང་ ཐོ་ཕོག་སྟེ་ཡོདཔ་ད་ བཀྲམ་སྤེལ་བ་ཚུ་གིས་ ཅ་ཆས་ཚུ་ སྤྱི་ཟླ་༡༡ པ་དེ་ཅིག་ཁར་ བཀྲམ་སྤེལ་འབད་ཚུགས་རུང་ རིན་བསྡུར་གྱི་ལཱ་མཇུག་བསྡུ་སྟེ་ གློག་མེ་བཙུགས་ནིའི་ལཱ་ངོ་མ་དེ་ སང་ཕོད་མ་གཏོགས་ འགོ་བཙུགས་མི་ཚུགས་ནི་མས་ཟེར་ཨིན་པས།

རི་བོ་ཏ་ལ་དང་ ངང་དག་ བསམ་ཆོས་གླིང་དགོན་པ་ཚུ་ནང་ གློག་མེ་བཀྲམ་སྤེལ་འབད་ནིའི་དོན་ལུ་ ཅ་ཆས་ཚུ་ གྲ་སྒྲིག་ཚུད་ཡོདཔ་ལས་ གློག་མེ་བཙུགས་ནིའི་ལཱ་དེ་ དུས་ཅི་ སྤྱི་ཟླ་༩ པའི་ནང་ འགོ་བཙུགས་ནི་ཨིན་པའི་གནས་ཚུལ།

ཉིམ་རྡོ་རྗེ། ཀྲོང་གསར།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *