ཕུན་སུམ་སྡེ་ཚན་གྱི་ རྩེད་འགྲན་པ་ཚུ།

ཕུན་སུམ་སྡེ་ཚན་གྱིས་ སྦྱེལཝ་སྦྱེལ་སར་ སྡེ་ཚན་༣ ལས་ རྒྱལ་ཁ་ཐོབ་ཡོདཔ།

༉ ཕུན་སུམ་ཕུཊ༌བཱོལ་སྡེ་ཚན་གྱིས་ ད་ལྟོ་ཚུན་ སྡེ་ཚན་༣ ལས་ སྦྱེལཝ་སྦྱེལ་སར་ རྒྱལ་ཁ་ཐོབ་ཡོདཔ་མ་ཚད་ རྩེད་འགྲན་པ་ཅིག་གིས་ སྡེ་ཚན་༢ ལུ་ གཱོལ་༣ རེ་བཙུགས་མི་ལུ་བརྟེན་ ད་རེས་ཀྱི་ རྩེད་འགྲན་ནང་ལས་ རྩེད་འགྲན་པ་དྲག་ཤོས་ཀྱི་ མིང་གཏམ་འཐོབ་ཚུགས་པའི་ གོ་སྐབས་ཡོདཔ་ཨིན་པས།

དེ་ཡང་ ད་རེས་ནངས་པར་ ཐིམ་ཕུག་ལྕང་གླིང་མི་ཐང་གི་ ཕུཊ༌བཱོལ་རྩེད་ཐང་ནང་སྦེ་ རྩེད་འགྲན་འབད་བའི་བསྒང་ཡོད་མི་ ཐིམ་ཕུག་རྫོང་ཁག་གི་ དབྱེ་ཁག་ཁ་པའི་ ཕུཊ༌བཱོལ་འགྲན་བསྡུར་འབད་དོ་ཡོདཔ་ཨིན་པས།

ཕུན་སུམ་སྡེ་ཚན་གྱིས་ ཊ་ཀུན་ཨེཕ་སི་ལུ་ གཱོལ་༥ བཙུགས་ཏེ་ རྒྱལ་ཁ་ཐོབ་པའི་སྐབས་ བྱང་ཕྱད་སྡེ་ཚན་གྱིས་ གཱོལ་༡ དང་ ཡཱལ་སྡེ་ཚན་ལུ་ གཱོལ་༢ དེ་ལས་ མུ་ཏིག་ཐང་ཀ་ལབ་ལུ་ གཱོལ་༣ བཙུགས་ཏེ་ རྒྱལ་ཁ་ཐོབ་མི་ལུ་བརྟེན་ སྐུགས་༣ རེ་ཐོབ་ཡོདཔ་ཨིན་པས།

ད་ལྟོ་བཟུམ་སྦེ་ སྡེ་ཚན་གྱིས་ དབྱེ་ཁག་ཁ་པའི་ སྡེ་ཚན་གཞན་ཚུ་ལས་ཡང་ རྒྱལ་ཁ་འཐོབ་ཚུགས་པ་ཅིན་ དབྱེ་ཁག་ཀ་པའི་ནང་ ལྷོད་ནིའི་གོ་སྐབས་སྦོམ་འདུག།

སྡེ་ཚན་དེ་གིས་ སྤྱི་ལོ་༢༠༡༨ ལུ་ དབྱེ་ཁག་ཀ་པའི་ནང་ རྩེད་འགྲན་འབད་ཡོད་རུང་ དོ་འགྲན་འབད་མ་ཚུགསཔ་ལས་ དབྱེ་ཁག་ཁ་པའི་ནང་ འགྱོ་དགོཔ་ཐོན་ཡོདཔ་ཨིན་པས།

སྤྱི་ལོ་༢༠༡༥ ལུ་ ཐིམ་ཕུག་ཁྲོམ་དང་ བར་སྦིས་ས་ལས་ ན་གཞོན་སྡེ་ཚན་ཅིག་གིས་ ཕུན་སུམ་སྡེ་ཚན་གཞི་བཙུགས་འབད་ཡོད་རུང་ ཕུཊ༌བཱོལ་སློབ་སྟོན་པ་དང་ མ་དངུལ་གྱི་རྒྱབ་སྐྱོར་འབད་མི་མེདཔ་ད་ སྤྱི་ལོ་༢༠༡༧ ལུ་ དབྱེ་ཁག་ཁ་པ་ལས་ མཐར་འཁྱོལ་ཏེ་ སྤྱི་ལོ་༢༠༡༨ ལུ་ དབྱེ་ཁག་ཀ་པའི་ནང་ རྩེད་འགྲན་འབད་ཡོདཔ་ཨིན་པས།

སྡེ་ཚན་གཞན་ཚུ་བཟུམ་སྦེ་ མ་དངུལ་གྱི་རྒྱབ་སྐྱོར་འབད་མི་དང་ འཛིན་སྐྱོང་འཐབ་མི་ བདག་སྐྱོང་འཐབ་མི་ཚུ་མེདཔ་ལས་ ལོག་སྟེ་ར་ དབྱེ་ཁག་ཁ་པའི་ནང་ ལྷོདཔ་ཨིན་པས།

ཕུན་སུམ་ཕུཊ༌བཱོལ་ཀ་ལབ་དེ་ ཕམ་དང་ སྤུན་ཆ་ཚུ་ མཉམ་རུབ་ཐོག་ལས་ འཛིན་སྐྱོང་འབད་བའི་ཁར་ སྡེ་ཚན་གྱི་འགོ་ཁྲིདཔ་སྦེ་ ཉིམ་རྡོ་རྗེ་གིས་འབད་དོ་ཡོདཔ་མ་ཚད་ ཕུཊ་བཱོལ་རྩེད་འགྲན་པ་ཨིན་པའི་ཁར་ ཁོ་རའི་ ཚོང་ལཱ་ཆུང་བ་ལས་ཐོབ་མི་ འོང་འབབ་དེ་གིས་ རྩེད་འགྲན་པའི་དངུལ་ཕོགས་དང་ ཁང་གླ་ དེ་ལས་ བཞེས་སྒོ་ཚུ་ བྱིན་དོ་ཡོདཔ་ཨིན་པས།

འབྲུག་ཕུཊ་བཱོལ་ཚོགས་སྡེ་གིས་ ཀ་ལབ་ཚུ་ནང་ ཕྱིའི་རྩེད་འགྲན་པ་ཚུ་ བཙུགས་ཆོག་པའི་གནང་བ་བྱིན་མི་དང་འཁྲིལ་ རྩེད་འགྲན་པ་༢ ཡོདཔ་ལས་ ཟླ་རིམ་བཞིན་དུ་ དངུལ་ཕོགས་དངུལ་ཀྲམ་༤༠,༠༠༠ དང་ དངུལ་ཀྲམ་༣༥,༠༠༠ རེ་ སྤྲོད་དོ་ཡོདཔ་ཨིན་པས།

ཉིམ་རྡོ་རྗེ་དང་འཁྲིལཝ་ད་ ད་རེས་ནངས་པར་ ཐིམ་ཕུག་ལུ་ ཕུཊ༌བཱོལ་རྩེད་འགྲན་འབད་ནི་དང་ སྦྱོང་བརྡར་འབད་ནིའི་དོན་ལུ་ རྩེད་འགྲན་པ་ཚུ་ ཕར་ཚུར་སྐྱེལ་འདྲེན་འབདཝ་ད་ ཁོ་རའི་སྣུམ་འཁོར་ བོ་ལི་རོ་གཅིག་ལས་བརྒལ་མེད་མི་དེ་གིས་ ཞབས་ཏོག་བྱིན་ཡོད་རུང་ འཕྲལ་འཕྲལ་ར་ བཟོ་སྐྲུན་གྱི་ལཱ་འབད་དགོཔ་ཐོནམ་ད་ རྩེད་འགྲན་པ་ཚུ་ གླ་འཁོར་ནང་ སྐྱེལ་འདྲེན་འབད་དོ་ཟེར་ཨིན་པས།

སྡེ་ཚན་དེ་ ཆུང་ཀུ་ཅིག་ལས་མེད་རུང་ དམིགས་གཏད་སྦོམ་ཡོདཔ་ལས་ རྩེད་འགྲན་པ་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ སྡེ་ཚན་གྱིས་ ཨེ་ཤི་ཡཱན་རྒྱལ་རྟགས་ཀྱི་ རྩེད་འགྲན་འབད་ནི་དང་ ན་གཞོན་ཚུ་ལུ་ གོ་སྐབས་བྱིན་ནི་འདུག་ཟེར་ཨིན་པས།

འབྲུག་ཕུཊ༌བཱོལ་ཚོགས་སྡེ་གིས་ ད་རེས་ཀྱི་ རྩེད་འགྲན་དོན་ལུ་ དངུལ་ཀྲམ་༦༠,༠༠༠ བྱིན་མི་དེ་ སྡེ་ཚན་གྱི་ ས་མིར་ རའེ་དང་འཁྲིལཝ་ད་ རྩེད་འགྲན་པ་ཚུ་གི་ དོརམ་དང་ ཁེན་འཇར་ ལྷམ་དང་ ཨོམ་སོ་ཚུ་ མཁོ་སྒྲུབ་འབདཝ་ད་ དངུལ་ཀྲམ་༣༠,༠༠༠ ཟད་འགྲོ་བཏང་ཡོད་པའི་ ལྷག་ལུས་དེ་ རྩེད་འགྲན་པ་ཚུ་ལུ་ བྱིན་ཡི་ཟེར་ཨིན་པས།

གལ་སྲིད་ རྩེད་འགྲན་པ་ཚུ་ ཡར་དྲག་གཏང་དགོ་པ་ཅིན་ ས་མིར་རའེ་གིས་ སླབ་མིའི་ནང་ འབྲུག་ཕུཊ་བཱོལ་ཚོགས་སྡེ་གིས་ སྦྱོང་བརྡར་འབད་ནིའི་དོན་ལུ་ དུས་ཚོད་མངམ་བྱིན་དགོ་ནི་དང་ དེ་མེན་ སྡེ་ཚན་གྱིས་ར་ གཞི་རྟེན་མཐུན་རྐྱེན་གོང་འཕེལ་གཏང་དགོཔ་འདུག་ཟེར་ཨིན་པས།

སྡེ་ཚན་གྱི་གཙོ་འཛིན་ ཉིམ་རྡོ་རྗེ་གིས་ སླབ་མིའི་ནང་ སྡེ་ཚན་གྱིས་ དབྱེ་ཁག་ཀ་པའི་ནང་ མཐར་འཁྱོལ་ཚུགས་པའི་རེ་བ་ཡོད་རུང་ དབྱེ་ཁག་ཀ་པའི་ནང་ སྡེ་ཚན་ག་ར་ སྒྲིང་སྒྲི་ཡོདཔ་ལས་ རྩེད་འགྲན་པ་ལེགས་ཤོམ་ཚུ་ ལེན་ནི་ལུ་ མ་དངུལ་མེད་པའི་དཀའ་ངལ་ཡོད་ཟེར་ ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *