ཞབས་ཏོག་བློན་པོ་ རྡོ་རྗེ་ཆོས་སྒྲོན་གྱིས་ ཁྲོམ་སྡེའི་ཁྲལ་ བསྡུ་ལེན་གྱི་སྐོར་ལས་ དོགས་སེལ་འབད་བའི་བསྒང་།

ཕུན་ཚོགས་གླིང་ ཁྲོམ་རྒྱ་བསྐྱེད་ས་ཁོངས་ལས་ ཁྲོམ་གྱི་ཁྲལ་བསྡུ་མི་ཚུ་ ལོག་སྤྲོད་ཐབས་མེདཔ།

༉ ན་ཧིང་ ཀྲོང་གསར་རྫོང་ཁག་གི་ ཁྲོམ་རྒྱ་བསྐྱེད་ནང་ཚུད་མི་ ཝི་གླིང་གཡུས་ཚན་གྱི་ མི་སེར་ཚུ་ལས་ རྫོང་ཁག་ཁྲོམ་སྡེ་གིས་ ཁྲོམ་གྱི་ཁྲལ་ བསྡུ་ལེན་འབད་མི་དེ་ ལོག་སྤྲོད་ཡོདཔ་ཨིན་རུང་ ཕུན་ཚོགས་གླིང་གི་ཐད་ཁར་ ལོག་སྤྲོད་ཐབས་མེདཔ་ཨིན་པས།
དེ་ཡང་ སྤྱི་ཟླ་༧ པའི་ཚེས་༤ ལུ་འཚོགས་མི་ ལྷན་རྒྱས་གཞུང་ཚོགས་དང་ བརྡ་བརྒྱུདཔ་གི་བར་ན་ ཟླ་རིམ་ཞལ་འཛོམས་འཚོགས་པའི་སྐབས་ ཞབས་ཏོག་བློན་པོ་ རྡོ་རྗེ་ཆོས་སྒྲོན་གྱིས་བཤད་ཅི།
བློན་པོ་གིས་ བཤད་མིའི་ནང་ ཀྲོང་གསར་གྱི་ཐད་ལུ་ གཞུང་གིས་ ཁྲལ་ལོག་སྤྲོད་མི་དེ་ཡང་ ཁྲལ་དེ་ ལྷན་ཁག་གིས་བཏང་མི་ ཁྲལ་བསྡུ་མ་ཆོག་པའི་ གསལ་བསྒྲགས་ཀྱི་ཤུལ་ལས་ བསྡུ་ལེན་འབད་ནི་དེ་གིས་ ཨིན་ཟེར་ཨིནམ་ད་ ཕུན་ཚོགས་གླིང་ལུ་འབད་བ་ཅིན་ ཁྲལ་ཚུ་ ལྷན་ཁག་གིས་ གསལ་བསྒྲགས་མ་འབད་བའི་ ཧེ་མ་ལས་ར་ བསྡུ་ལེན་འབད་ད་ནུག་ཟེར་ཨིན་པས།
མ་གཞི་ ཁྲོམ་རྒྱ་བསྐྱེད་ཀྱི་ ས་ཁོངས་ནང་ཚུད་རུང་ ཁྲོམ་སྡེའི་མཐུན་རྐྱེན་མ་ཐོབ་མི་ ས་ཁོངས་ཚུ་ལུ་ ཁྲོམ་སྡེའི་ཞབས་ཏོག་ བྱིན་མ་ཚུགས་ཚུན་ ཁྲོམ་སྡེའི་ཁྲལ་ བསྡུ་ལེན་འབད་མ་ཆོགཔ་སྦེ་བཀོད་མི་ གསལ་བསྒྲགས་དེ་ སྤྱི་ལོ་༢༠༡༦ ཟླཝ་༦ པའི་ནང་ བཏང་ཡོདཔ་ཨིན་པས།
ཕུན་ཚོགས་གླིང་གི་ ཁྲོམ་རྒྱ་བསྐྱེད་ས་ཁོངས་ཚུ་ལས་ ཁྲལ་ཚུ་ སྤྱི་ལོ་༢༠༡༢ ལས་འགོ་བཙུགས་ བསྡུ་ལེན་འབད་ཡོདཔ་ལས་ ལོག་སྤྲོད་ཐབས་མིན་འདུག་ཟེར་ཨིན་པས།
གསལ་བསྒྲགས་དེ་ མ་འབད་བའི་ཧེ་མ་ལས་ ཁྲལ་བཏབ་སྡོད་མི་ ཁྲོམ་སྡེ་རྒྱ་བསྐྱེད་ས་ཁོངས་ ཕུན་ཚོགས་གླིང་རྐྱངམ་གཅིག་མེན་པར་ གཞན་ཡང་ ལེ་ཤ་ཡོད་ཟེར་ཨིནམ་ད་ དེ་བསྒང་ ཁྲལ་གྱི་ལམ་ལུགས་ཚུ་ སོ་སོར་སྦེ་ར་ སྡོད་ནུག་ཟེར་ཨིན་པས།
ད་རེས་ ཁྲོམ་སྡེ་རྒྱ་བསྐྱེད་ས་ཁོངས་ནང་ཚུད་རུང་ གཞུང་གིས་ ཁྲོམ་གྱི་མཐུན་རྐྱེན་ཚུ་ སྤྲོད་མ་ཚུགས་ཚུན་ ཁྲོམ་གྱི་ཁྲལ་མ་ཕོགཔ་སྦེ་ བཞག་མི་དེ་ མི་སེར་ཚུ་ལུ་ མཐུན་རྐྱེན་བཟུམ་ཅིག་ ཨིན་ཟེར་ཨིན་པས།
ཕུན་ཚོགས་གླིང་གི་ ཁྲོམ་རྒྱ་བསྐྱེད་ས་ཁོངས་ཚུ་ནང་ ཁྲོམ་གྱི་མཐུན་རྐྱེན་ཚུ་ སྤྱི་ལོ་༢༠༡༦ མཇུག་བསྡུ་ཁམས་ཅིག་ཁར་མ་གཏོགས་ མ་ལྷོདཔ་ཨིན་རུང་ ཁྲོམ་གྱི་ཁྲལ་ དངུལ་ཀྲམ་འབུམ་ལས་བཅད་མི་ཚུ་ སྤྱི་ལོ་༢༠༡༢ ལས་ འགོ་བཙུགས་ཏེ་ སྤྲོད་ཡོདཔ་ཨིན་པས།
དེ་དང་འཁྲིལ་ མི་སེར་ཚུ་གིས་འབད་བ་ཅིན་ ཀྲོང་གསར་རྫོང་ཁག་ནང་ ཁྲོམ་སྡེའི་ཁྲལ་ བསྡུ་ལེན་འབད་མི་ཚུ་ གཞུང་གིས་ ལོག་སྤྲོད་ཡོདཔ་བཞིན་དུ་ ཕུན་ཚོགས་གླིང་གི་དོན་ལུ་ཡང་ ཁྲལ་ཚུ་ ལོག་གནང་ཐབས་ཡོད་པ་ཅིན་ དགའ་ནི་མས་ཟེར་ སླབ་ཨིན་པས།
ཀྲོང་གསར་ཝི་གླིང་ལུ་ ཁྲོམ་སྡེའི་ཁྲལ་བསྡུ་མི་ཚུ་ མི་སེར་ཚུ་གིས་ ལྷན་ཁག་ལས་གནང་མི་ གསལ་བསྒྲགས་དང་འཁྲིལ་ ཉོགས་བཤད་བཀོད་པའི་ཤུལ་ལུ་ གཞུང་གིས་ ཁྲལ་ཚུ་ ཚར་གཅིག་བསྡུ་ཞིནམ་ལས་ ལོག་སྤྲོད་ཐབས་མེད་ཟེར་ སླབ་ཡོདཔ་ཨིན་རུང་ ཤུལ་ལས་ སྤྲོད་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

About admin

Check Also

ཚད་སྙོམས་མེད་པའི་ ནང་འཁོད་ཐོན་སྐྱེད་གནས་གོང་།

༉ ད་རེས་ནངས་པར་ རྒྱལ་ཁབ་ཀྱི་གནས་སྟངས་དེ་ དུས་ཚོད་ག་ཅི་བཟུམ་ཅིག་ནང་ ལྷོད་ཡོདཔ་ཨིན་ན་དང་ ད་ལས་ཕར་ ག་ཅི་ར་འབད་དགོཔ་ཨིན་ན་དེ་ འབྲེལ་ཡོད་མང་ཤོས་ཅིག་གིས་ ཧ་གོ་དང་ གོ་བཞིན་པ་ཡོད་རུང་ དེ་གི་ གདོང་ལེན་ཚུ་ ག་ཅི་ར་འབྱུང་འོང་ག་ དྲན་ཤེས་བཏོན་དགོཔ་དེ་ཡང་ ཁག་ཆེ་ནི་ཨིན་མས། …

Leave a Reply

Your email address will not be published. Required fields are marked *