ཕུན་ཚོགས་གླིང་ལུ་ ཨ་ལོ་གསར་སྐྱེས་ཅིག་ བཀོག་བཏང་མི་ དོགས་ཅན་༣ འཛིན་བཟུང་།

ཕུན་ཚོགས་གླིང་ལུ་ སྤྱི་ཟླ་༤ པའི་ཚེས་༡༥ འི་དྲོ་པར་ ཨ་ལོ་གསར་སྐྱེས་ཅིག་ ཟ་ཁང་གི་ སྒོ་ཅུང་གུ་ལས་མར་ བཀོག་བཏང་བའི་ འབྲེལ་གནད་ལུ་བརྟེན་ ཁྲིམས་སྲུང་འགག་པ་གིས་ ཕོ་སྐྱེས་༢ དང་ ཨམ་སྲུ་༡ དོ་དམ་འོག་ལུ་ བཞག་ཡོདཔ་ཨིན་པས།

ཨ་ལོ་གསར་སྐྱེས་ཀྱི་ཨའི་ སྐྱེས་ལོ་༢༤ ལང་མི་དེ་ ཧཱ་གསེར་ཀྲི་ན་སློབ་གྲྭ་ཆུང་བའི་ ཕྱགསམ་འཕྱག་མི་ཅིག་ཨིན་པས།

སློབ་གྲྭ་དེ་གི་ དབུ་འཛིན་དང་ སློབ་དཔོན་ཕོ་སྐྱེས་གཞན་ཅིག་ ཟ་ཁང་ནང་ ཨམ་སྲུ་དེ་དང་གཅིག་ཁར་ཡོདཔ་ཨིན་པས།

ཀུན་གསལ་གྱིས་གོ་མི་ ལོ་རྒྱུས་དང་འཁྲིལཝ་ད་ ལྗིད་ཚད་ཀེ་ཇི་༣.༦ ཡོད་མི་ ཨ་ལོ་བུ་དེ་ ཕུན་ཚོགས་གླིང་ཁྲོམ་ཁར་ དགོད་བྲ་ལམ་བདའ་སྟེ་ཡོད་མིུ་ ཟ་ཁང་ཅིག་གི་ ཐོག་ཚད་༣ པའི་སྟོང་སྒོའི་སྒོ་ཅུང་ནང་ལས་ བཀོག་བཏང་ནུག་ཟེར་ཨིནམ་ད་ ཨ་ལོ་དེ་ དེ་ཚེ་ནུབ་མོར་ ཟ་ཁང་གི་ ཉལ་ཁང་ནང་ སྐྱེས་ཡོད་པའི་ ལོ་རྒྱུས་འདུག།

ལྟ་རྟོག་ལུ་ འགྱོ་བའི་བསྒང་ཨིན་མི་ ཁྲིམས་སྲུང་འགག་སྡེའི་ སྡེ་ཚན་གྱིས་ ཨ་ལོའི་ཕུངམ་དེ་ དྲོ་པའི་ཆུ་ཚོད་༢ དེ་ཅིག་ཁར་ མཐོང་བའི་ཤུལ་ལུ་ ཁྲིམས་སྲུང་འགོ་དཔོན་ཚུ་ལུ་ སྙན་ཞུ་འབད་དེ་ གསོ་བའི་ལས་བྱེདཔ་དང་གཅིག་ཁར་ ཟ་ཁང་ནང་ སོང་ཡོདཔ་ཨིན་པས།

ལོ་རྒྱུས་དང་འཁྲིལ་བ་ཅིན་ ཨམ་སྲུ་དེ་གིས་ མོ་ར་ སྨན་ཁང་ནང་ བརྟག་དཔྱད་འབད་བར་ མ་འཁྱིད་ཚུན་ཚོད་ ཨ་ལོ་སྐྱེས་ཡོད་པའི་སྐོར་ ཁ་མ་བཟེད་རུང་ ཤུལ་ལས་ ཨ་ལོ་ཤི་ཤིཝ་ སྐྱེས་ཡོདཔ་སྦེ་ ཁྲིམས་སྲུང་འགག་པ་ལུ་ སླབ་ཡོདཔ་ཨིན་པས།

དོགས་ཅན་༣ གྱིས་ སྤྱི་ཟླ་༤ པའི་ཚེས་༡༤ གི་ཉིན་མའི་ཆུ་ཚོད་༣ དང་༥ གི་བར་ན་ ཟ་ཁང་ནང་འོང་སྟེ་ ཁང་མིག་ལེན་ཡོདཔ་ད་ ཐོ་བཀོད་དང་འཁྲིལཝ་ད་ ཁོང་ཆ་ཁྱབ་ བསམ་རྩེ་ལས་ འོང་ཡོདཔ་ལས་ ཧཱ་ལུ་ འགྱོ་ནི་སྦེ་ཨིན་པས།

ཟ་ཁང་གི་ འཛིན་སྐྱོང་པ་གིས་ སླབ་མིའི་ནང་ ཁྲིམས་སྲུང་འགག་པ་དང་ གསོ་བའི་ལས་བྱེདཔ་ཚུ་ དྲི་ཞིབ་འབད་བར་ ཟ་ཁང་ནང་འོངམ་ད་ དོགས་ཅན་༣ སྡོད་སའི་ ཁང་མིག་ནང་ ཨ་ལོ་སྐྱེས་བའི་ བརྡ་མཚོན་ག་ནི་ཡང་ མ་མཐོང་ཟེར་ཨིན་པས།

གསོ་བའི་ལས་བྱེདཔ་ཚུ་གིས་ ཨམ་སྲུ་དེ་ སྨན་ཁང་ནང་ ཁྱིད་སོང་ཡོདཔ་མ་ཚད་ ཁྲིམས་སྲུང་འགག་པ་གིས་ སློབ་གྲྭའི་དབུ་འཛིན་དང་ ཁོ་གི་མཉམ་རོགས་ སློབ་དཔོན་དེ་ དྲི་ཞིབ་ཀྱི་དོན་ལུ་ འགག་སྡེའི་ཡིག་ཚང་ནང་ ཁྱིད་སོང་ཡོདཔ་ད་ ཀུན་གསལ་ལུ་ ཤེས་རྟོགས་བྱུང་མི་དང་འཁྲིལཝ་ད་ དབུ་འཛིན་དེ་ བཙག་འཐུའི་སྒྲིག་གཡོག་ནང་ཨིནམ་ལས་ རྫོང་ཁག་འགོ་དཔོན་ཚུ་གིས་ ཁོ་ བཙག་འཐུའི་སྒྲིག་གཡོག་ནང་ འོང་ནི་མེདཔ་ད་རྐྱངམ་གཅིག་ འཛིན་བཟུང་འབད་ཡོད་པའི་སྐོར་ ཤེས་རྟོགས་བྱུང་ཡོདཔ་ཨིན་པའི་གནས་ཚུལ།

About admin

Check Also

སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་གཏང་དགོ་པའི་ཞུ་བ།

༉ ཤར་ཕྱོགས་དང་ ནུབ་ཕྱོགས་ཀྱི་བར་ན་ གཞུང་ལམ་རྒྱ་སྐྱེད་འབད་དོ་ཡོདཔ་ལས་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དུས་ཡུན་མར་ཕབ་འབད་ནི་དང་ སྣུམ་འཁོར་ཚུ་ཡང་ འཁོར་ལམ་ལེགས་ཤོམ་ནང་ འགྲོ་འགྲུལ་འབད་ནིའི་ གོ་སྐབས་ཡོདཔ་ལས་ ག་རང་ལུ་ ཁེ་ཕན་བྱུང་ཡོདཔ་ཨིན་རུང་ སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་ མ་གཏང་པ་ཅིན་ ཐུག་རྐྱེན་འབྱ྄ང་ཉེན་སྦོམ་འདུག་ཟེར་ཞུ་ནི། …

Leave a Reply

Your email address will not be published. Required fields are marked *