ཕུན་ཚོགས་གླིང་ལུ་ སློབ་གྲྭ་རྒྱ་སྐྱེད་ས་ཁོངས་ མ་ལང་པའི་དཀའ་ངལ།

སྐད་སྒྱུར་ སྐལ་བཟང་དབང་ཕྱུག།སྐད་སྒྱུར་ སྐལ་བཟང་དབང་ཕྱུག། ༉ ཕུན་ཚོགས་གླིང་ཁྲོམ་སྡེའི་འོག་ལུ་ སློབ་གྲྭ་༤ ལས་བརྒལ་ མེད་མི་ལུ་བརྟེན་ སློབ་གྲྭ་ནང་ འཛུལ་ཞུགས་ཀྱི་དཀའ་ངལ་ ཡར་འཕར་འགྱོ་དོ་ཡོདཔ་བཞིན་དུ་ དུས་ཅི་ཡང་ དེ་བཟུམ་མའི་ དཀའ་ངལ་ཐོན་ཏེ་ ཡོདཔ་ཨིན་པས།ཁྲོམ་སྡེ་དང་ སློབ་གྲྭའི་འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ དེ་བཟུམ་མའི་ དཀའ་ངལ་ཐོན་མི་དེ་ གཙོ་བོ་ར་ ས་ཁོངས་མ་ལང་པའི་ དཀའ་ངལ་ལུ་བརྟེན་ ཨིན་ཟེར་ཨིན་པས།ཁྲོམ་སྡེ་ཤེས་རིག་འགོ་དཔོན་ རྡོ་རྗེ་དབང་ཕྱུག་གིས་ སླབ་མིའི་ནང་ ཁྲོམ་སྡེ་ནང་ སློབ་གྲྭ་ཚད་ཅིག་ལས་མེད་མི་དང་ སློབ་ཁང་མ་ལང་པའི་ དཀའ་ངལ་བྱུང་དོ་ཟེར་ཨིནམ་ད་ རྒྱ་སྐྱེད་འབད་སའི་ ས་ཁོངས་ཡང་མེདཔ་ལས་ སློབ་གྲྭ་ནང་ འཛུལ་ཞུགས་ཀྱི་དཀའ་ངལ་དེ་ སྦོམ་ཤོས་ཅིག་ ཨིན་ཟེར་ཨིན་པས།ཁོ་གིས་ སླབ་མིའི་ནང་ སློབ་གྲྭ་ནང་ ད་ལྟོ་ཡང་ ཨ་ལོ་འཛུལ་ཞུགས་འབད་དོ་ཡོདཔ་ལས་ དུས་ཅི་ ཁྲོམ་སྡེ་འོག་གི་ གཞུང་གི་སློབ་གྲྭ་ཚུ་ནང་ སློབ་ཕྲུག་གི་གྱངས་ཁ་༤,༠༠༠ ལས་ལྷག་སྟེ་ འོང་ནི་མས་ཟེར་ཨིནམ་ད་ སྤྱི་ལོ་༢༠༡༧ ལུ་ སློབ་ཕྲུག་༣,༩༤༥ ཡོདཔ་ཨིན་པས།ཁྲོམ་སྡེ་དང་ སློབ་གྲྭ་༢ ལུ་ དཀའ་ངལ་སྦོམ་ཤོས་ར་ བློ་གསར་སློབ་རིམ་དོན་ལུ་ འཛུལ་ཞུགས་འབད་མི་དེ་ཨིནམ་ད་ དུས་ཅི་ གསརཔ་འཛུལ་ཞུགས་འབད་མི་ ཨ་ལོ་༧༥༠-༨༠༠ དེ་ཅིག་ཡོད་མི་ལས་༣༠༠ ལྷགཔ་ཅིག་ བློ་གསར་སློབ་རིམ་ནང་ཨིན་པས།རྡོ་རྗེ་དབང་ཕྱུག་གིས་ སླབ་མིའི་ནང་ འཛུལ་ཞུགས་འབད་མི་ཚུ་ག་ར་ ངེས་བདེན་གྱི་ གནད་དོན་ཙང་ཙ་ཨིནམ་ད་ བློ་གསར་སློབ་རིམ་གྱི་དོན་ལུ་ ཨ་ལོ་ཚུ་ སྐྱེས་ལོ་༦ ལང་དགོཔ་ཨིན་རུང་ ཁྲོམ་སྡེ་གིས་ སྐྱེས་ལོ་༥ དང་ཟླཝ་༧ ལང་མི་ཚུ་ཡང་ འཛུལ་ཞུགས་འབད་བཅུག་མི་དེ་ཡང་ ཤུལ་མའི་ལོ་ནང་ ཨ་ལོ་དེ་ཚུ་ སྐྱེས་ལོ་༧ དེ་ཅིག་ ལང་ནི་དེ་གིས་ཨིན་ཟེར་ཨིན་པས།ཁྲོམ་སྡེ་གིས་ ཕུན་ཚོགས་གླིང་འབྲིང་རིམ་སློབ་གྲྭ་བར་མའི་ སློབ་ཁང་ཚུ་ ཉམས་བཅོས་དང་ རྒྱ་སྐྱེད་ལ་སོགས་པ་ཚུ་ འབད་ནིའི་དོན་ལུ་ དངུལ་ཀྲམ་ས་ཡ་༡ ཟད་འགྲོ་བཏང་ཡོདཔ་ད་ སློབ་གྲྭའི་དབུ་འཛིན་ ཚེ་དབང་རིག་འཛིན་གྱིས་ སླབ་མིའི་ནང་ སློབ་རིམ་ཆུང་བ་ཚུ་གི་དོན་ལུ་ དཀའ་ངལ་ཡོད་ཟེར་ཨིན་པས།ཁོ་གིས་ སླབ་མིའི་ནང་ ཕུན་ཚོགས་གླིང་འབྲིང་རིམ་སློབ་བར་མའི་ནང་ བློ་གསར་སློབ་རིམ་གྱི་དོན་ལུ་ སྡེ་ཚན་༣ བཞག་སྟེ་ཡོད་ཟེར་ཨིན་རུང་ སློབ་ཕྲུག་གི་གྱངས་ཁ་ ཡར་སེང་སོང་ཡོདཔ་ལས་ ད་རུང་ སྡེ་ཚན་ཅིག་ ཁ་སྐོང་བཟོ་དགོཔ་ཐོན་ཡི་ཟེར་ཨིནམ་ད་ སྤྱི་ལོ་༢༠༡༧ ལུ་ བློ་གསར་གྱི་ སློབ་ཕྲུག་༡༠༨ ཡོད་མི་ལས་ དུས་ཅི་༡༤༨ ལུ་ ཡར་སེང་སོང་ཡོདཔ་ལས་ ལོ་བསྟར་བཞིན་དུ་ སློབ་ཕྲུག་གི་གྱངས་ཁ་ ཡར་སེང་འགྱོཝ་མས་ཟེར་ཨིན་པས། ཁོ་གིས་འབད་བ་ཅིན་ སློབ་གྲྭ་དེ་ནང་ སློབ་ཕྲུག་༡,༠༠༠ དེ་ཅིག་གི་ ཤོང་ཚད་ལས་བརྒལ་ མེད་མི་ལུ་བརྟེན་ དེ་ལས་ལྷག་སྟེ་ ལེན་མི་ཚུགས་ཟེར་ཨིནམ་ད་ ཕུན་ཚོགས་གླིང་འབྲིང་རིམ་སློབ་གྲྭ་བར་མ་དེ་ རྙིང་ཤོས་ཅིག་ཨིན་པའི་ཁར་ ས་ཆ་ཀེ་ཨར་༡.༨༢ ལས་བརྒལ་མེདཔ་ལས་ རྒྱ་སྐྱེད་འབད་ནིའི་ ས་ཁོངས་མེད་ཟེར་ཨིན་པས།ཁྲོམ་དཔོན་ཨུ་ཊར་ཀུ་མར་རའི་གིས་ སླབ་མིའི་ནང་ སློབ་གྲྭ་ནང་ འཛུལ་ཞུགས་ཀྱི་དཀའ་ངལ་ཐོན་མི་དེ་ ལོ་བསྟར་བཞིན་དུ་ མི་རློབས་ཡར་སེང་འགྱོ་བའི་ཁར་ སློབ་གྲྭ་ཚད་ཅིག་ལས་བརྒལ་ མེད་ནི་དེ་གིས་ཨིནམ་ད་ དུས་ཅི་ གསརཔ་འཛུལ་ཞུགས་འབད་མིའི་གྱངས་ཁ་དེ་ ལོག་ལྟབ་ཀྱིས་ ཡར་སེང་སོང་ཡི་ཟེར་ཨིན་པས།རྡོ་རྗེ་དབང་ཕྱུག་གིས་ སླབ་མིའི་ནང་ ཁྲོམ་སྡེ་གིས་ འཆར་གཞི་༡༢ པའི་ནང་ སློབ་གྲྭ་༢ ཀྱི་ གྲོས་འཆར་བཙུགས་ཏེ་ ཡོད་པའི་ཁར་ ཤེས་རིག་ལྷན་ཁག་གིས་ཡང་ རྒྱབ་སྐྱོར་གནང་སྟེ་ཡོདཔ་ལས་ དེ་གིས་ ཕན་ཐོགས་འབྱུང་འོང་ཟེར་ ཨིན་པའི་གནས་ཚུལ།

About admin

Check Also

འབྲུག་གི་དངུལ་འབྲེལ་སེམས་ཤུགས་མཐུན་རྐྱེན་གྱི་ དཔྱད་ཡིག་ཆ་འཇོག།

༉ སྤྱི་ཟླ་༡༢ པའི་ཚེས་༣ ལུ་ རྒྱལ་ཡོངས་ཚོགས་འདུ་ནང་ དངུལ་འབྲེལ་སེམས་ཤུགས་མཐུན་རྐྱེན་གྱི་དཔྱད་ཡིག་༢༠༢༡ ཅན་མའི་ གསུང་གྲོས་མཇུག་བསྡུ་སྟེ་ བསྒྱུར་བཅོས་གངམ་མེད་པར་ ཆ་འཇོག་གནང་ཡི། གཞུང་གིས་ ལྷོ་ཕྱོགས་རྫོང་ཁག་ཚུ་ནང་ཡོད་མི་ ཚོང་ལས་ཆུང་བ་དང་ ནང་འཁོད་ཚོང་ལས་ དེ་ལས་ …

Leave a Reply

Your email address will not be published. Required fields are marked *