ཕུན་ཚོགས་གླིང་ལུ་ སྡོད་ཁྱིམ་གྱི་ དཀའ་ངལ་དུམ་གྲ་ཅིག་ སེལ་ཚུགས་པའི་རེ་བ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ལཱ་འབད་མི་ ཞི་གཡོགཔ་ཚུ་ལུ་ ཁྱིམ་མ་ཐོབ་པའི་ དཀའ་ངལ་སྦོམ་སྦེ་ར་ བྱུང་སྟེ་ཡོདཔ་ཨིན་རུང་ སང་ཕོད་ལས་ དུམ་གྲ་ཅིག་ སེལ་ཚུགས་ནི་ཨིན་པས།

དེ་ཡང་ ཁ་ཙ་ རྒྱལ་ཡོངས་ཚོགས་འདུ་ནང་ བཀྲིས་གཡང་རྩེ་འབུམ་སྡེ་གླིང་-འཇམ་མཁར་གྱི་འཐུས་མི་ གྲུབ་ཐོབ་ཀྱིས་ གཞུང་གི་ཁ་ཐུག་ལས་ མི་ག་ར་ལུ་ སྡོད་ཁྱིམ་བྱིན་ནིའི་ ཁས་བླངས་འབད་ཡོདཔ་ལས་ ད་ལྟོ་ གནས་ཚད་ག་དེམ་ཅིག་ལུ་ ལྷོད་དེ་ཡོད་ག་ཟེར་བའི་ དྲི་བ་ཞུ་བའི་ལན་ལུ་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ སང་ཕོད་ལས་ ཕུན་ཚོགས་གླིང་ཨ་མོ་ཆུའི་ ས་ཁོངས་ནང་ ཞི་གཡོགཔ་ཚུ་གི་དོན་ལུ་ སྡོད་ཁྱིམ་ཁང་ཚན་༥༠༠ དེ་ཅིག་ རྐྱབ་ཚར་འོང་ཟེར་ཞུ་ཡི།
སྡོད་ཁྱིམ་ཚུ་ཡང་ དངུལ་ཀྲམ་ས་ཡ་༩༠༠ ཟད་འགྲོ་བཏང་ཐོག་ལས རྐྱབ་ནི་ཨིན་པས།
བློན་ཆེན་གྱིས་འབད་བ་ཅིན་ ཤུལ་མའི་ལོ་ནང་ ཞི་གཡོགཔ་ཚུ་གི་དོན་ལུ་ རྒྱལ་ཡོངས་ཟུར་ཕོགས་དང་ འཚོ་རྟེན་མ་དངུལ་གྱིས་ སྡོད་ཁྱིམ་༥༥ རྐྱབ་ཚར་ནི་ཨིནམ་ལས་ ཁོང་ལུ་ ཕན་སྦོམ་སྦེ་ར་ ཐོགས་ཚུགས་ཟེར་ཨིནམ་ད་ འདས་པའི་ལོ་༣ གྱི་ནང་འཁོད་ལུ་ རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ལས་འཛིན་གྱིས་ སྡོད་ཁྱིམ་ཡུ་ནིཊ་༡༤༠ དང་ དགོངས་ཞུ་ཟུར་ཕོགས་དང་ འཚོ་རྟེན་མ་དངུལ་གྱིས་ སྡོད་ཁྱིམ་༧༥༠ རྐྱབ་ཚར་ནུག་ཟེར་ཞུ་ཡི།
འབྲུག་མི་ཚུ་ལུ་ སྡོད་ཁྱིམ་དེ་ གནམ་མེད་ས་མེད་ ཁག་ཆེཝ་ལས་ ཁོང་ལུ་ སྡོད་ཁྱིམ་ཐོབ་ཚུགསཔ་ ངེས་བརྟན་བཟོ་ཐབས་ལུ་ དམིགས་བསལ་གྱི་ རྒྱབ་སྐྱོར་སྣ་ཚོགས་འབད་ནི་ཨིན་ཟེར་ ཁས་བླངས་འབད་ཡོདཔ་མ་གཏོགས་ མི་སེར་ག་ར་ལུ་ སྡོད་ཁྱིམ་རྐྱབ་བྱིན་ནི་གི་ ཁས་བླངས་མ་འབད་ཟེར་ བློན་ཆེན་གྱིས་ ཞུ་ཡི།
གཞུང་གིས་ ཁས་བླངས་དང་འཁྲིལ་ དམིགས་བསལ་གྱི་ རྒྱབ་སྐྱོར་ཚུ་ཡང་ གྲོང་གསེབ་ཚུ་ནང་ལས་ཕར་ སྡོད་ཁྱིམ་ལེགས་ཤོམ་མེད་མི་ བཟའ་ཚང་ཉམ་ཆུང་ཚུ་ལུ་ ས་གནས་གཞུང་བརྒྱུད་དེ་ མ་དངུལ་བྱིན་ཐོག་ལས་ ཁྱིམ་གུང་༧༢ ལུ་ ཁྱིམ་ཐོག་ལྕགས་ཤོག་ཚུ་ གནང་ཡི་ཟེར་ཞུ་ཡི།
དེ་གིས་མ་དོ་བར་ གཞུང་ལས་ ཏཱ་ར་ཡ་ན་གཞི་ཚོགས་ལུ་ མ་དངུལ་བྱིན་ཏེ་ ཁྱིམ་གུང་༡༩༢ ལུ་ ཁྱིམ་གསརཔ་རྐྱབ་བྱིན་པའི་ཁར་ སྡོད་ཁྱིམ་༦༥ ཉམས་བཅོས་འབད་བྱིན་ཡོདཔ་མ་ཚད་ གླིང་ཁ་ནང་ལས་ཕར་སྡོད་མི་ ཁྱིམ་གུང་༩༧ ལུ་ ཁྱིམ་ཐོག་ལྕགས་ཤོག་ བགོ་བཀྲམ་འབད་མི་ཚུ་བརྩིས་ཏེ་ ལོ་༣ གྱི་ནང་ ཁྱིམ་གུང་༤༢༦ ལུ་ ལྕགས་ཤོག་ཚུ་ བྱིན་ཡི་ཟེར་ བློན་ཆེན་གྱིས་ ཞུ་ཡི།
གཞུང་གིས་ ལྕགས་ཤོག་དང་ ཁྱིམ་གསརཔ་ཚུ་ བཟོ་སྐྲུན་འབད་བྱིན་རུང་ མི་སེར་ཚུ་ལུ་ ལག་རྩལ་དགོཔ་ལས་ གྲོང་གསེབ་བཟོ་རིག་གོང་འཕེལ་ལས་རིམ་ཐོག་ལས་ འདས་པའི་ལོ་༣ ནང་ གྲོང་གསེབ་ཀྱི་ ཕོ་སྐྱེས་༤༩༨ དང་ ཨམ་སྲུ་༥༩༢ འབདཝ་ད་ མི་གྲངས་༡,༠༧༨ ལུ་ སྡོད་ཁྱིམ་རྐྱབ་ནི་དང་ ཤིང་བཟོ་ ཆུ་དུང་བཅོ་ནི་ གློག་ཐག་སྤྲིང་ནི་ ཚོན་གཏང་ནི་ལ་སོགས་པའི་ ལག་རྩལ་གྱི་ སྦྱོང་བརྡར་ཚུ་ བྱིན་ཡོདཔ་ཨིན་པས།
བློན་ཆེན་གྱིས་ ཞུ་མིའི་ནང་ གཞུང་ལས་མི་སེར་ཞབས་ཏོག་ཟེར་མི་ ལས་རིམ་ཐོག་ལུ་ གྲོང་གསེབ་མི་སེར་ཚུ་ལུ་ ཤིང་ཆས་ཚུ་ མགྱོགས་དྲགས་སྦེ་ ཐོབ་ཚུགས་བཟོ་བའི་ཁར་ སོ་ནམ་དང་ ནགས་ཚལ་ལྷན་ཁག་གི་ ཁ་ཐུག་ལས་ ཤིང་རྩ་བོ་སྦེ་མེན་པར་ དུམ་བུ་སྦེ་བརྩིས་རྐྱབ་སྟེ་ ཤིང་ཆས་མང་སུ་ ཐོབ་ཚུགསཔ་བཟོ་ཡི་ཟེར་ཨིན་པས།
ད་རུང་ ཧེ་མ་འབད་བ་ཅིན་ གཏན་འཇགས་ཀྱི་ ཁྱིམ་རྐྱབ་པའི་སྐབས་མ་གཏོགས་ གྲོང་གསེབ་ཀྱི་ ཤིང་ཆས་ཚུ་ འཐོབ་ནི་མེད་རུང་ ད་རེས་ གནས་སྐབས་ཀྱི་ ཁྱིམ་རྐྱབ་ནིའི་དོན་ལུ་ཡང་ ཐོབ་ཚུགས་བཟོ་སྟེ་ཡོད་ཟེར་ བློན་ཆེན་གྱིས་ ཞུ་ཡི།
བློན་ཆེན་གྱིས་ ན་ཧིང་ བུམ་ཐང་ལྕམ་མཁར་ཁྲོམ་ མེ་རྐྱེན་བྱུང་མིའི་ ཉམས་རྒུདཔ་ཚུ་ལུ་ ལོག་ཁྱིམ་རྐྱབ་ནི་དོན་ལས་ ཁྱིམ་རེ་ལུ་ ཤིང་སི་ཨེཕ་ཊི་༨༥༠ རེ་དང་ རྡོ་སྣུམ་འཁོར་ཊཱག་༨ དེ་ལས་ བྱེམ་སྣུམ་འཁོར་ཊཱག་༦ རེ་ གྲོང་གསེབ་ཀྱི་ གོང་ཚད་ཐོག་ལུ་ ཐོབ་ཚུགསཔ་བཟོ་ཡི་ཟེར་ཞུ་ཡི།
གསར་སྤང་ ཤེས་ལྕམ་ཐང་ལུ་ཡང་ གཞུང་གིས་ དམིགས་བསལ་གྱི་ རྒྱབ་སྐྱོར་བྱིན་པའི་ཁར་ རྒྱལ་ཁབ་ནང་ བྱུང་བ་བཞིའི་ རྐྱེན་ངན་བྱུངམ་ད་ རྒྱབ་སྐྱོར་ཚུ་ བྱིན་བཞིན་དུ་ཡོད་ཟེར་ ཞུ་ཡི།
ཁྲོམ་སྡེ་ནང་ ཁྱིམ་རྐྱབ་ནིའི་ འཆར་གཞི་ཡོད་མི་ཚུ་ལུ་ སྟབས་མ་བདེཝ་༡ པོ་དེ་ གནང་བ་ལེན་ནི་ལུ་ དུས་ཚོད་མངམ་འགོར་མི་ཚུ་ཡང་ གཞུང་ལས་མི་སེར་གྱི་ཞབས་ཏོག་ ལས་རིམ་གྱིས་ ཡིག་ཆ་ཚུ་ག་ར་ཚངམ་སྦེ་ ཡོད་པ་ཅིན་ ཟླཝ་༡ གི་ནང་འཁོད་ལུ་ གནང་བ་ཐོབ་ཚུགསཔ་བཟོ་ཡི་ཟེར་ཨིན་པས།
ཁྲོམ་སྡེ་ཚུ་ནང་ ཁྱིམ་ལེགས་ཤོམ་སྦེ་ རྐྱབ་ནིའི་དོན་ལུ་ ས་གནས་ཁག་གི་ འཆར་གཞི་ལས་སྣ་༡༩ བཟོ་སྟེ་ཡོདཔ་ད་ དེ་ཡང་ ཁྲོམ་༡༢ ནང་ སྡོད་ཁྱིམ་རྐྱབ་ནི་གི་ ས་གོ་༤,༠༠༠ ངོས་འཛིན་འབད་དེ་ཡོད་ཟེར་ བློན་ཆེན་གྱིས་ ཞུ་ཡི།
འདས་པའི་ལོ་༣ ནང་ ཞབས་ཏོག་ལྷན་ཁག་དང་ ཁྲོམ་སྡེའི་ཁ་ཐུག་ལས་ སྡོད་ཁྱིམ་༨༧༡ རྐྱབ་ནི་གི་ གནང་བ་བྱིན་མིའི་གྲས་ལས་ ཐིམ་ཕུག་ལུ་༣༩༡ དང་ ཕུན་ཚོགས་ལུ་༡༠༧ བསམ་གྲུབ་ལྗོངས་མཁར་དང་ དགེ་ལེགས་ཕུག་ལུ་༩༥ དེ་ལས་ རྫོང་ཁག་གཞན་ཚུ་ལུ་ ཁྱིམ་རྐྱབ་ནིའི་ གནང་བ་༢༣༠ བྱིན་ནུག་ཟེར་ བློན་ཆེན་གྱིས་ ཞུ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *