ཏུར་ས་ལུ་ ཕུན་ཚོགས་གླིང་ཁྲོམ་སྡེ་གོང་འཕེལ་ལས་འགུལ་གྱི་ས་ཁོངས།

ཕུན་ཚོགས་གླིང་ལུ་ རྡོ་བཏོན་ནིའི་ གནང་བ་ཐོབ་མི་ཐོབ་ ངེས་བརྟན་མེདཔ།

༉ ཕུན་ཚོགས་གླིང་ལུ་ ཏུར་ས་གཙང་ཆུ་མཐའམ་བདའ་སྟེ་ ཆུ་གཤམ་སེལ་ནི་དང་ རྒྱུ་ཆས་རྡོ་དང་བྱེམ་བཏོན་ནིའི་ ལཱ་གསརཔ་ཁག་༣ པོ་དེ་ ཁག་འབགཔ་ཚུ་ལུ་ བགོ་སྤྲོད་འབད་མི་འབད་ ཏན་ཏན་མེདཔ་ཨིན་པས།
ད་ལྟོ་ གཙང་ཆུའི་རྒྱུ་ཆས་ཕྱིར་བཏོན་འབད་ནིའི་ དང་འདོད་ཡོད་མི་ ཁག་འབགཔ་དང་ ཚོང་ལས་ཚུ་གིས་ བཟོ་སྐྲུན་གོང་འཕེལ་ལས་འཛིན་ལས་ ཉོགས་མེད་གནང་བ་མ་ཐོབ་པར་ ཐོགས་ལུས་ཏེ་ཡོདཔ་ཨིན་པས།
གནང་བ་མ་བྱིན་པར་ བཞག་མི་དེ་ཡང་ ས་ཁོངས་༣ པོ་དེ་ ཕུན་ཚོགས་གླིང་ཁྲོམ་སྡེ་གོང་འཕེལ་ལས་འགུལ་གྱི་ ས་ཁོངས་ཁ་པའི་ནང་ ཚུད་ཡོད་ནི་དེ་གིས་ཨིནམ་ད་ ས་ཁོངས་གསུམ་ཆ་ར་ ད་ལྟོ་ བཟོ་སྐྲུན་གོང་འཕེལ་ལས་འཛིན་གྱིས་ ས་ཁོངས་གོང་འཕེལ་བཏང་པའི་བསྒང་ཡོད་མི་ ས་ཁོངས་ཀ་པའི་ཡར་བལྟ་སྟེ་ཡོདཔ་ཨིན་པས།
ཁག་འབགཔ་ལ་ལོ་ཅིག་གིས་ སླབ་མིའི་ནང་ གཙང་ཆུའི་ཁ་ཡར་བལྟ་སྟེ་ ས་ཁོངས་གོང་འཕེལ་བཏང་པའི་བསྒང་ཡོད་མི་ ལས་སྣ་ཚུ་གིས་ ཁ་མར་བལྟ་སྟེ་ ལཱ་འབད་མི་ཚུ་ལུ་ བར་ཆད་རྐྱབ་འོང་མནོ་སྟེ་ ལས་འཛིན་གྱིས་ གནང་བ་མ་བྱིན་པར་ བཞག་ཡོདཔ་བཟུམ་ཅིག་འདུག་ཟེར་ཨིན་པས།
སོ་ནམ་དང་ ནགས་ཚལ་ལྷན་ཁག་འོག་གི་ ནགས་ཚལ་དང་ གླིང་ག་ཞབས་ཏོག་ལས་ཁུངས་ཀྱིས་ སྤྱི་ཟླ་༩ པའི་ཚེས་༡༤ ལུ་ རྒྱལ་ཁབ་ནང་འཁོད་ལུ་ རྡོ་དང་བྱེམ་བཏོན་ནི་གི་ འོས་འབབ་ཡོད་མི་ ས་ཁོངས་༢༤ ཡོད་མི་ཚུ་ ཞུ་ཡིག་ཧེ་མ་ག་ལྷོད་མི་ཚུ་ལུ་ གཞི་བཞག་སྟེ་ བགོ་སྤྲོད་འབད་ནི་སྦེ་ གསལ་བསྒྲགས་འབད་ནུག།
དགེ་འདུ་ནགས་ཚལ་མངའ་སྡེའི་འོག་ལུ་ཚུད་མི་ ཏུར་ས་ལུ་ འོས་འབབ་ཅན་གྱི་ ས་ཁོངས་༣ ཡོད་མིའི་དོན་ལུ་ ཕུན་ཚོགས་གླིང་ཁྲོམ་སྡེ་ལས་ བདག་སྐྱོང་གི་ གནང་བ་ཞུ་མི་ ཞུ་ཡིག་༡༠༠ ལྷགཔ་ཅིག་ ལྷོད་དེ་ཡོདཔ་ཨིན་པས།
གནད་དོན་དེ་གི་སྐོར་ལས་ གྲོས་བསྡུར་འབད་ནིའི་དོན་ལུ་ སྤྱི་ཟླ་༩ པའི་ཚེས་༣༠ ལུ་ ཐིམ་ཕུག་ལུ་ འབྲེལ་ཡོད་ལས་སྡེ་ཚུ་གི་བར་ན་ ཞལ་འཛོམས་ཅིག་ འཚོགས་ཡོད་རུང་ ཁ་ཙ་ ཀུན་གསལ་གྱིས་ ནགས་ཚལ་དང་ གླིང་ག་ཞབས་ཏོག་ལས་ཁུངས་ཀྱི་མདོ་ཆེན་ བློ་བཟང་རྡོ་རྗེ་དང་ བཟོ་སྐྲུན་གོང་འཕེལ་ལས་འཛིན་གྱི་ བཀོད་ཁྱབ་གཙོ་འཛིན་ ཕུན་ཚོགས་རྒྱལ་མཚན་དང་ འབྲེལ་བ་འཐབ་པའི་སྐབས་ ཁོང་གཉིས་ར་གིས་ སླབ་མ་བཏུབ་པས།
བཟོ་སྐྲུན་གོང་འཕེལ་ལས་འཛིན་གྱི་ གནང་བའི་དོན་ལུ་སྒུག་མི་ ཞུ་ཡིག་བཙུགས་མི་ཅིག་གིས་ སླབ་མིའི་ནང་ གནང་བ་མི་བྱིན་ནི་ཨིན་པའི་ ལོ་རྒྱུས་གོ་ཡོད་རུང་ ད་ཚུན་གྱི་བར་ན་ སྒུག་སྟེ་ར་ཡོད་ཟེར་ཨིན་པས།
རྡོ་བཏོན་ནིའི་ལཱ་ཚུ་ ཧེན་མགྱོགས་དང་འཁྲིལ་ བགོ་སྤྲོད་འབད་ནི་གི་ གསལ་བསྒྲགས་འབད་མི་དེ་ལུ་ ཁག་འབགཔ་དང་ ཚོང་པ་ཚུ་གིས་ ཐབས་ལམ་འཛོལ་བ་ཨིནམ་ལས་ དེ་གིས་ ངན་ལྷད་འཐབ་མི་ མངམ་འཐོན་འོང་ཟེར་ སླབ་དོ་ཡོདཔ་ད་ ལ་ལོ་གིས་འབད་བ་ཅིན་ རིན་བསྡུར་ཐོག་ འབད་ནི་དེ་ དྭངས་གསལ་ཅན་འོང་ནི་དང་ ལ་ལོ་གིས་ ཁ་རྗེའི་ཤོག་སྒྲིལ་འཐུ་བཅུག་དགོཔ་སྦེ་ སླབ་ཨིན་པས།
ཁག་འབགཔ་ཚུ་གིས་འབད་བ་ཅིན་ བཟོ་སྐྲུན་གོང་འཕེལ་ལས་འཛིན་དེ་ བཟོ་སྐྲུན་ལས་སྡེ་ཅིག་ཨིནམ་ལས་ ལས་འཛིན་དེ་ལུ་ ཉོགས་མེད་བྱིན་ནི་གི་ དབང་ཚད་མེད་ཟེར་ཨིན་པའི་གནས་ཚུལ།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *