ཕུན་ཚོགས་གླིང་ལུ་ འགྲུལ་བཀག་འཕྲོ་མཐུད་ལུས་པ་ཅིན་ སློབ་ཕྲུག་ཚུ་ སྤོ་བཤུད་འབད་ནི།

༉ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ལུ་བརྟེན་ འཕྲོ་མཐུད་དེ་ར་ འགྲུལ་སྐྱོད་བཀག་དམ་འབད་བ་ཅིན་ སློབ་ཕྲུག་དང་ སློབ་དཔོན་ཚུ་ ས་གནས་གཞན་ཁར་ སྤོ་བཤུད་འབད་ནིའི་དོན་ལུ་ ལས་རིམ་ཚུ་ བརྩམས་ཏེ་ཡོདཔ་ཨིན་པས།

དེ་ཡང་ སྤྱི་ཟླ་༦ པའི་ཚེས་༩ ལུ་ རྒྱལ་ཡོངས་ཚོགས་སྡེ་ནང་ དྲི་བཀོད་ལས་རིམ་སྐབས་ འཐུས་མི་ཚུ་གིས་ ལྷོ་ཕྱོགས་རྫོང་ཁག་ཚུ་ནང་ འགྲུལ་སྐྱོད་བཀག་དམ་ འཕྲོ་མཐུད་དེ་ར་ འབད་བ་ཅིན་ ཤེས་རིག་ལྷན་ཁག་གི་ མདུན་སྐྱོད་ལས་རིམ་ག་ཅི་ར་ཡོདཔ་ཨིན་ན་ཟེར་ དྲི་བ་ཞུ་བའི་ལན་ལུ་ ཤེས་རིག་བློན་པོ་ ཇའི་བིར་རའེ་གིས་ཞུ་ཡི།

ད་རེས་ ཕུན་ཚོགས་གླིང་གི་ མི་སྡེ་ནང་ལས་ ཀོ་བིཌ་-༡༩ ཐོན་པའི་ཤུལ་ འགྲུལ་བཀག་འབད་དེ་ ཟླཝ་༢ ལང་ནི་འབད་དོ་ཡོདཔ་ད་ སློབ་ཕྲུག་ཚུ་ལུ་ ཤེས་ཡོན་དེ་ཡང་ ཡོངས་འབྲེལ་ཐོག་ལས་ སློབ་སྟོན་འབད་དོ་ཡོདཔ་ཨིན་པས།

ཆུ་ཁ་རྫོང་ཁག་གི་འཐུས་མི་ སངས་རྒྱས་རྡོ་རྗེ་གིས་ ད་རེས་ནངས་པར་ ཕུན་ཚོགས་གླིང་གི་ སློབ་ཕྲུག་ཚུ་ ཡོངས་འབྲེལ་ཐོག་ ཤེས་ཡོན་སྦྱང་དོ་ཡོད་རུང་ ཤུལ་ལས་ ཆོས་རྒྱུགས་རྐྱབ་པའི་སྐབས་ རྫོང་ཁག་གཞན་གྱི་ སློབ་ཕྲུག་ཚུ་གི་བར་ན་ ཁྱད་པར་འཐོན་སྲིད་ནི་ཨིནམ་ལས་ ཨ་ལོ་ཚུ་ལུ་ སྤུས་ཚད་ཅན་གྱི་ ཤེས་ཡོན་བྱིན་ནི་ ཁག་ཆེ་ཟེར་ཞུ་ཡི།

ལྷན་ཁག་གིས་ ཐབས་ཤེས་ཚུ་ བཏོན་ཏེ་ཡོད་པ་ཅིན་ རྒྱབ་སྐྱོར་དགོ་རུང་ རྒྱབ་སྐྱོར་འབད་ནི་ལུ་ གྲ་སྒྲིག་ཡོད་ཟེར་ འཐུས་མི་གིས་ཞུ་ཡི།

ཤེས་རིག་བློན་པོ་གིས་ ཞུ་མིའི་ནང་ མ་གཞི་ ལྷན་ཁག་གིས་ ཕུན་ཚོགས་གླིང་གི་ སློབ་གྲྭ་ཚུ་ ས་གནས་གཞན་ཁར་ སྤོ་བཤུད་འབད་ནི་སྦེ་ གྲོས་འདེབས་ཕུལ་ཡོད་རུང་ སློབ་ཕྲུག་དང་ སློབ་དཔོན་ཚུ་ལུ་ དུམ་གྲ་ཅིག་ སྟབས་མ་བདེཝ་བྱུང་མི་ལུ་བརྟེན་ འབད་མ་ཚུགས་ཟེར་ཨིན་པས།

བློན་པོ་གིས་འབད་བ་ཅིན་ ཤེས་ཡོན་དང་ སློབ་སྟོན་ཚུ་ ག་ཅི་འབད་དོ་ག་ ཨ་ལོ་དང་ སློབ་དཔོན་ཚུ་ སྡེ་ཚན་བཟོ་ཐོག་ལས་ དུས་རྒྱུན་དུ་ འབྲེལ་བ་འཐབ་སྟེ་ཡོད་ཟེར་ཨིནམ་ད་ འགྲུལ་སྐྱོད་བཀག་དམ་དེ་ ཡུན་རིངམོ་སྦེ་ ལུས་པ་ཅིན་ སློབ་རིམ་༧ པ་ལས་ཡན་ཆད་ ས་གནས་གཞན་ཁར་ སྤོ་བཤུད་འབད་ནི་ལུ་ ཐབས་ཤེས་གནས་སྐབས་བཏོན་ཏེ་ཡོད་ཟེར་ཞུ་ཡི།

ང་བཅས་ཀྱིས་ གནས་སྟངས་དེ་ ལྟ་རྟོག་ལེགས་ཤོམ་སྦེ་ར་ འབད་དོ་ཡོདཔ་ལས་ བདུན་ཕྲག་༡-༢ ལས་ རྐྱངམ་གཅིག་ སློབ་ཕྲུག་ཚུ་ ག་དེ་སྦེ་འབད་ནི་ཨིན་ན་ ཤེས་ཚུགས་ནི་མས་ཟེར་ ཤེས་རིག་བློན་པོ་གིས་ ཞུ་ཡི།

རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་ཚུ་གིས་ རྩ་གཞུང་གསརཔ་ འགོ་བཙུགས་ཡོད་མིའི་སྐོར་ལས་ གྲོས་བསྟུན་དང་ གོ་བརྡ་ལེགས་ཤོམ་སྤྲོད་དེ་མེདཔ་ལས་ སློབ་དཔོན་ཚུ་ མགུ་འཐོམ་སྟེ་འདུག་ཟེར་ཞུ་ཡི། 

རྩ་གཞུང་གསརཔ་དེ་ཡང་ དུས་ཅི་ སྤྱི་ཟླ་༣ པ་ལས་ འགོ་བཙུགས་ཏེ་ཡོདཔ་ད་ ཁྱད་ལྡན་གྱི་འཐུས་མི་ སྐལ་བཟང་ཆོས་སྐྱིད་རྡོ་རྗེ་གིས་ ཞུ་མིའི་ནང་ མ་གཞི་ སློབ་དཔོན་ཚུ་ལུ་ རྩ་གཞུང་སྐོར་ལས་ ཡོངས་འབྲེལ་ཐོག་ སྦྱོང་བརྡར་བྱིན་ཡོད་རུང་ ཨིན་ཊར་ནེཊ་མཐུན་རྐྱེན་མེད་མི་ཚུ་ལུ་ སྦྱོང་བརྡར་ཐོབ་མ་ཚུགས་པས་ཟེར་ཨིན་པས།

མོ་གིས་འབད་བ་ཅིན་ སློབ་གྲྭ་ཚུ་ནང་ བརྡ་དོན་མཐུན་རྐྱེན་དང་ སློབ་དཔོན་ག་ར་ལུ་ སྦྱོང་བརྡར་དང་ གྲ་སྒྲིག་ལེགས་ཤོམ་མེདཔ་ལས་ ལྷན་ཁག་གིས་ ག་ཅི་སྦེ་ རྩ་གཞུང་དེ་ འགོ་བཙུགས་ནི་སྦེ་ ཐག་བཅད་ཡོདཔ་ཨིན་ན་དང་ གནད་དོན་ཚུ་ བསལ་ནི་ལུ་ ཐབས་ཤེས་ཚུ་ ག་དེ་སྦེ་ར་ སྒྲིག་དོ་ག་ཟེར་ དྲི་བ་ཞུ་ཡི།

ཤེས་རིག་བློན་པོ་གིས་ ཞུ་མིའི་ནང་ རྩ་གཞུང་གསར་པའི་སྐོར་ལས་ ཧེ་མ་བཟུམ་སྦེ་ སྦྱོང་བརྡར་བྱིན་ནི་གི་ རྩ་འགེངས་ཡོད་རུང་ ཀོ་བི་ཌ་-༡༩ ལུ་བརྟེན་ འབད་མ་ཚུགས་རུང་ ཉེ་འདབས་ལས་ཕར་ཡོད་མི་ སློབ་དཔོན་ཚུ་ལུ་ སྦྱོང་བརྡར་དངོས་བསྟར་འབད་ཡོདཔ་བཞིན་དུ་ མཐའ་ཟུར་གྱི་ སློབ་དཔོན་ཚུ་ལུ་ ཡོངས་འབྲེལ་ཐོག་ལས་ བྱིན་ཡི་ཟེར་ཨིན་པས།

བློན་པོ་ཇའི་བིར་རའེ་གིས་འབད་བ་ཅིན་ སློབ་དཔོན་༧,༠༠༠ དེ་ཅིག་ལུ་ རྩ་གཞུང་གསརཔ་གི་ སྦྱོང་བརྡར་བྱིན་ཡི་ཟེར་ཨིནམ་ད་ སློབ་དཔོན་ག་ར་ལུ་ སྦྱོང་བརྡར་བྱིན་་རུང་ སློབ་དཔོན་ཚུ་གིས་ རྩ་གཞུང་ལག་དེབ་རེ་ ཐོབ་སྟེ་ཡོདཔ་ལས་ ལྷན་ཐབས་འབད་འོང་ཟེར་ཞུ་ཡི།

ང་བཅས་ཀྱིས་ སློབ་དཔོན་ཚུ་ལུ་ སྦྱོང་བརྡར་བྱིན་བཞིན་དུ་ཡོདཔ་མ་ཚད་ བརྡ་དོན་ཡོངས་འབྲེལ་གྱི་ མཐུན་རྐྱེན་དེ་ མཐའ་ཟུར་རྐྱངམ་གཅིག་ནང་མེན་པར་ ཁྲོམ་ཁ་ལུ་ཡང་ དཀའ་ངལ་བྱུང་སྟེ་ཡོད་ཟེར་ ཤེས་རིག་བློན་པོ་གིས་ ཞུ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

བོང་ཟམ་ཚུན་ འཁོར་ལམ་བསལ་ཡོད་རུང་ ཟམ་མེདཔ།

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་ལྟེ་བ་ལས་ ཆུའི་ཕར་ཁ་དང་ ཚུར་ཁར་སྡོད་མི་ཚུ་ རྒེད་འོག་ལྟེ་བའི་ནང་འོང་པའི་སྐབས་ སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལུ་ བསྐོར་ལམ་མཐུད་སྦྲེལ་འབད་ནི་དེ་ བོང་ཟམ་ཚུན་ བསལ་ཡོདཔ་ཨིན་རུང་ མང་སྡེ་ཆུའི་གུ་ལས་ ཟམ་མེདཔ་ཨིན་པས། ཟམ་བཟོ་སྐྲུན་འབད་བའི་ཤུལ་ལས་ མང་སྡེ་ཕུག་དང་ ལྗོངས་ཐང་ …

Leave a Reply

Your email address will not be published. Required fields are marked *