ད་རེས་ ཕུན་ཚོགས་གླིང་ལུ་ རྒྱལ་ཡོངས་འགྲུལ་སྐྱོད་བཀག་དམ་སྐབས་ ཚོད་བསྲེ་ཚུ་ འབྲུག་བཟའ་སྤྱོད་ལས་འཛིན་བརྒྱུད་དེ་ སིལ་ཚོང་པ་ཚུ་གིས་ བཙོངམ་བཞིན་དུ་ ཚོང་མགྲོན་པ་ཚུ་གིས་ ཕུན་ཚོགས་གླིང་ཁྲོམ་སྨད་ལུ་ བཟའ་ཆས་ཚོང་ཁང་ལས་ ཚོད་བསྲེ་ཉོ་བའི་བསྒང་།

ཕུན་ཚོགས་གླིང་ལུ་ ཚོད་བསྲེ་ཚུ་ དཀའ་ངལ་མེད་པར་ སྐྱེལ་སྤྲོད་འབད་དོ་ཡོདཔ།

༉ ཕུན་ཚོགས་གླིང་ལུ་ རྒྱལ་ཡོངས་འགྲུལ་སྐྱོད་བཀག་དམ་ ཐེངས་དང་པ་དང་ཕྱདཔ་ད་ ད་རེས་ ཚོད་བསྲེ་ཚུ་ དཀའ་ངལ་ག་ནི་ཡང་མེད་པར་ ལེགས་ཤོམ་སྦེ་ བཀྲམ་སྤེལ་འབད་དོ་ཡོདཔ་ཨིན་པས།

འགྲུལ་སྐྱོད་བཀག་དམ་དང་པའི་སྐབས་ ཕུན་ཚོགས་གླིང་གི་ མི་ཚུ་གིས་ ཚོད་བསྲེ་མ་ཐོབ་པའི་ ཉོགས་བཤད་བཀོད་པའི་ཁར་ ཁོང་ཁྲོ་ཡང་ ལང་ཡོདཔ་ཨིན་པས།

ད་རེས་ འབྲུག་བཟའ་སྤྱོད་ལས་འཛིན་གྱིས་འབད་རུང་ ཚོད་བསྲེ་བཀྲམ་སྤེལ་གྱི་ ཐབས་ལམ་ཚུ་ བསྒྱུར་བཅོས་འབད་དེ་ཡོད་མི་དེ་ཡང་ འགྲོ་འགྲུལ་བཀག་དམ་དང་པའི་སྐབས་ ཁྱིམ་གུང་རེ་ལུ་ སྐྱེལ་སྤྲོད་འབད་དོ་བཟུམ་སྦེ་མེན་པར་ ལས་སྡེ་ཚུ་གིས་ ཚོད་བསྲེ་ཚུ་ ངོས་འཛིན་ཅན་གྱི་ས་ཁོངས་ ཏུར་ས་གཞིས་ཆགས་དང་ དཔག་བསམ་ཁའི་ སིལ་ཚོང་པ་ཚུ་ལུ་ བཀྲམ་སྤེལ་འབད་དོ་ཡོདཔ་ཨིན་པས།

མི་ཚུ་ལུ་ ཚོད་བསྲེ་བཀྲམ་སྤེལ་འབད་ནིའི་དོན་ལུ་ སིལ་ཚོང་པ་༡༠༥ གིས་ ལས་འཛིན་ལས་ ཉོ་དོ་ཡོདཔ་ད་ སིལ་ཚོང་པ་ བསོད་ནམས་ཆོས་འཛོམས་ཀྱིས་ སླབ་མིའི་ནང་ ཚོད་བསྲེ་ཚུ་ ལས་འཛིན་ལས་ བཀྲམ་སྤེལ་འབད་ནི་ལུ་ལངམ་སྦེ་ ཐོབ་ཚུགས་པས་ཟེར་ཨིན་པས།

མོ་གིས་འབད་བ་ཅིན་ ལས་འཛིན་ལས་ ནང་འཁོད་དང་ ནང་འདྲེན་འབད་མི་ ཚོད་བསྲེ་༢ ཆ་ར་ ཐོབ་ཚུགས་པས་ཟེར་ཨིནམ་ད་ མ་གཞི་ ཚོད་བསྲེ་བཀྲམ་སྤེལ་འབདཝ་ད་ ཁེ་སང་དེ་ཅིག་ར་མེད་རུང་ མི་ཚུ་ལུ་ ཚོད་བསྲེ་མ་ལང་པའི་ དཀའ་ངལ་མ་བྱུང་པའི་ཁར་ གོང་ཚད་ཚུ་ཡང་ མར་ཕབ་འབད་དེ་ཡོད་ཟེར་ཨིན་པས།

བསོད་ནམས་ཆོས་འཛོམས་ཀྱིས་འབད་བ་ཅིན་ མོ་གིས་ ལས་འཛིན་ལས་ ཁ་རི་མུ་ཟ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༣༠.༩༩ རེ་སྦེ་ཉོ་སྟེ་ དངུལ་ཀྲམ་༤༠ སྦེ་ བཙོང་ཡོད་པའི་ཁར་ ཀེ་བ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༣༢.༩༧ སྦེ་ ཉོ་བའི་ཤུལ་ལས་ དངུལ་ཀྲམ་༤༠ རེ་སྦེ་ བཙོང་ཡི་ཟེར་ཨིན་པས།

སིལ་ཚོང་པ་ཚུ་ལུ་ ལས་འཛིན་གྱི་ རིན་བསྡུར་ཁང་ལས་ ཚོད་བསྲེ་ཉོ་ནི་དང་ ཡང་ཅིན་ ཁོང་གི་ ཚོང་ཁང་ཚུན་ སྐྱེལ་སྤྲོད་འབད་ནི་ལུ་ གདམ་ཁ་བྱིན་ཏེ་ཡོདཔ་ཨིན་པས།

བསོད་ནམས་ཆོས་འཛོམས་ཀྱིས་ སླབ་མིའི་ནང་ ཁོང་ལུ་ དཀའ་ངལ་དེ་ར་ ཚོད་བསྲེ་ལ་ལོ་ཅིག་ རུལ་ཡོད་རུང་ ཚོད་བསྲེ་དང་ ཤིང་འབྲས་ཚུ་ དེ་འཕྲོ་ལས་ ལོག་བྱིན་དགོ་མི་དེ་ཡང་ ཉིནམ་༡ གི་ཤུལ་ལས་ ལས་འཛིན་གྱིས་ ངོས་ལེན་འབད་མི་བཏུབ་པས་ཟེར་ཨིན་པས།

སིལ་ཚོང་པ་གཞན་ རྡོ་རྗེ་མཁའ་འགྲོ་གིས་ སླབ་མིའི་ནང་ ཚོད་བསྲེ་ལེགས་ཤོམ་ཚུ་ཡང་ རུལ་མི་དང་ སླ་བསྲེ་སྟེ་ཡོད་རུང་ གོང་ཚད་དེ་ ད་རེས་ མར་ཕབ་འབད་ནུག་ཟེར་ཨིནམ་ད་ ཁོང་ ཉིནམ་༡ དང་༢ ཀྱི་བར་ན་ ལས་འཛིན་གྱི་ རིན་བསྡུར་ཁང་ནང་ ཚོད་བསྲེ་ཉོ་བར་ འགྱོ་དོ་ཟེར་ བཤདཔ་ཨིན་པས།

རྒྱ་གར་གྱི་ ཀེ་བ་དེ་ ཀི་ཇེ་རེ་ལུ་ དངུལ་ཀྲམ་༤༠ རེ་སྦེ་ བཙོང་ཡོད་པའི་ཁར་ འགྲུལ་སྐྱོད་བཀག་དམ་མ་འབད་བའི་ཧེ་མར་ ཀེ་བི་ཀི་ཇེ་རེ་ལུ་ དངུལ་ཀྲམ་༧༠-༨༠ སྦེ་ བཙོང་ཡོདཔ་ཨིན་པས།

རྡོ་རྗེ་མཁའ་འགྲོ་གིས་འབད་བ་ཅིན་ ས་མཚམས་བདའ་སྟེ་ ཚོད་བསྲེ་བཀྲམ་སྤེལ་བ་ཚུ་གི་ གོང་ཚད་མཐོ་དྲགས་སྦེ་ཡོདཔ་ལས་ ཕུན་ཚོགས་གླིང་ལུ་ གོང་ཚད་ཡར་སེང་འགྱོ་ནི་ལུ་ ལྷན་ཐབས་འབདཝ་མས་ཟེར་ཨིན་པས།

ཏུར་ས་ལུ་ གནས་སྐབས་ཀྱི་ཁྱིམ་ནང་ སྡོད་མི་ཚུ་ལུ་ ཚོད་བསྲེ་བཀྲམ་སྤེལ་འབད་ནིའི་དོན་ལས་ ལས་འཛིན་གྱིས་ ས་ཁོངས་ནང་འཁོད་ལུ་ བཟའ་ཆས་དང་ ཚོད་བསྲེ་ཚོང་ཁང་ཚུ་ བཙུགས་ཏེ་ཡོདཔ་ཨིན་པས།

ལས་འཛིན་གྱི་ ཞབས་ཏོག་ལས་ཁུངས་ཀྱི་མདོ་ཆེན་ ལྷག་པ་ཤེར་པ་གིས་ སླབ་མིའི་ནང་ ད་རེས་ ཚོད་བསྲེ་བཀྲམ་སྤེལ་འབད་ནི་ལུ་ དཀའ་ངལ་མ་ཐོན་པའི་ཁར་ ཚོད་བསྲེའི་ ཝགོང་ཚད་ཡང་ མར་བབས་སོང་སྟེ་ཡོདཔ་བཞིན་དུ་ ལས་འཛིན་གྱིས་ ས་མཚམས་བདའ་སྟེ་ ཚོད་བསྲེ་བཀྲམ་སྤེལ་བ་དང་ འབྲེལ་བ་འཐབ་བཞིན་དུ་ཡོད་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ཧེ་མ་ ཚོད་བསྲེའི་གོང་ཚད་ཡར་སེང་ སོང་མི་དེ་ཡང་ སྒོ་ཚོང་པ་ཚུ་གིས་ གོང་ཚད་ཡར་སེང་འབད་མི་ལུ་བརྟེན་ཨིནམ་བཞིན་དུ་  འགྲུལ་སྐྱོད་བཀག་དམ་འཕྲོ་མཐུད་འབད་ཡོད་རུང་ གོང་ཚད་མར་ཕབ་སྦེ་ར་ བཞག་འོང་ཟེར་ཨིན་པས།

སྤྱི་ཟླ་༡ པའི་ཚེས་༣ གྱི་ ནང་འཁོད་ལུ་ ལས་འཛིན་གྱིས་ ཚོད་བསྲེ་མེ་ཊིག་ཊཱན་༨༢.༧ དང་ ཤིང་འབྲས་ཊཱན་༡༨.༥ སྒོ་ནོར་གྱི་ཐོན་སྐྱེད་ ཀེ་ཇི་༤༤༢.༥ དེ་ཅིག་ བཀྲམ་སྤེལ་ཡོདཔ་མ་ཚད་ ནང་འཁོད་ལས་ ཐོན་སྐྱེད་འབད་མི་ ཨོམ་ཊཱན་༢.༥ དེ་ཅིག་ བཀྲམ་སྤེལ་འབད་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

ཕུན་ཚོགས་གླིང་ཁྲོག་སྨད་ལུ་ བཟའ་ཆས་ཚོང་ཁང་ལས་ ཚོད་བསྲེ་བཙོང་པའི་མཐོང་སྣང་།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *